མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་ཚང་འཛོམས་གྲོས་
ཚོགས་ཐེངས་གསུམ་པ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་14ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་སྔ་དྲོ། མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བ་རེད།
      ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།
       ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་གིས་ཕྱོགས་བདུན་གྱི་ཐད་ནས་2018ལོའི་ལས་དོན་གཙོ་བོ་སྙན་སྒྲོན་གནང་བ་སྟེ། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གིས་མི་དམངས་ཁྲིམས་ཁང་གི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། གཉིས་ནས་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་བཅད་པ་དང་མི་དམངས་ལ་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། གསུམ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་ལ་ཞབས་འདེགས་ཞུས་པ། བཞི་ནས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་འཛིན་གྱི་དགོས་མཁོ་ཧུར་ཐག་བསྐངས་པ། ལྔ་ནས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་བཏང་བ་དང་རིག་ནུས་ཁྲིམས་ཁང་བསྐྲུན་ནས་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་བ། དྲུག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ཁྲིམས་ཁང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་བྱང་ཚད་མཐོ་བའི་མི་དམངས་ཁྲིམས་ཁང་གི་དཔུང་ཁག་བསྐྲུན་པ། བདུན་ནས་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ཏེ་དམངས་ཆེད་ཁྲིམས་འཛིན་དང་ཁྲིམས་འཛིན་གཞུང་དྲང་ལ་སྐུལ་འདེད་བཏང་བ་བཅས་བྱས་ཡོད་ཅེས་གསུངས་པ་རེད།
       ཀྲོའུ་ཆང་གིས་ཕྱོགས་ལྔའི་ཐད་ནས་2019ལོའི་ལས་དོན་བཀོད་སྒྲིག་གི་སྙན་སྒྲོན་གནང་བ་སྟེ། གཅིག་ནི་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་མཐའ་འཁྱོངས་དང་། གཉིས་ནི་འདྲི་གཅོད་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་དུས་བབ་བརྟན་ལྷིང་འགན་ལེན་བྱ་རྒྱུར་ཞབས་འདེགས་ཞུ་བ། གསུམ་ནི་དམངས་ཆེད་ཁྲིམས་འཛིན་མཐའ་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་གཏོང་བ། བཞི་ནི་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་སྟེ་ཕྱོགས་ཡོངས་ནས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ལྔ་ནི་དཔུང་ཁག་གསར་བརྗེ་ཅན་དང་། དངོས་གཞི་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་སྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་བྱང་ཚད་མཐོ་བའི་ཁྲིམས་ཁང་སྐྲུན་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
      ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཅུན་གྱིས་ཕྱོགས་ལྔའི་ཐད་ནས་2018ལོའི་ལས་དོན་གཙོ་བོ་སྙན་སྒྲོན་གནང་བ་སྟེ། གཅིག་ནས་ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་དང་དམངས་ཆེད་ཁྲིམས་འཛིན་བྱས་ཡོད། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཚད་མཐོའི་འགན་སེམས་ཐོག་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ནང་ཞུགས་ཏེ་རང་འགུལ་ངང་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་ཞབས་འདེགས་ཞུས་པ་དང་། འདྲ་མཉམ་ངང་ཁེ་ལས་ཁག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ། རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ལ་གཞོགས་འདེགས་ཧུར་ཐག ཁྲིམས་ལྟར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་སྲུང་སྐྱོང་། ནུས་ཤུགས་ཡོད་རྒུས་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ཡག་པོ་བསྒྲུབས་པ། གྱོད་གཞི་སྒྲུབ་གཉེར་ལ་གཞིགས་ནས་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པ་བཅས་བྱས་པ་དང་། གཉིས་ནས་གཏུག་བཤེར་བྱེད་སྒོའི་བཅའ་ཁྲིམས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་གཞུང་དྲང་དང་ཀུན་མོས་ཐོབ་ཚད་ལ་སྲུང་སྐྱོང་བྱས་ཡོད།
      ཉེས་དོན་གཏུག་བཤེར་ལྟ་སྐུལ་ལས་དོན་ཟབ་ཏུ་བཏང་བ་དང་། དམངས་དོན་གཏུག་བཤེར་ལྟ་སྐུལ་ལ་མཐོང་ཆེན། སྲིད་འཛིན་གཏུག་བཤེར་ལྟ་སྐུལ་ལ་ཤུགས་སྣོན། ཁྲིམས་ལྟར་ཁྲིམས་འཛིན་ལས་དོན་མི་སྣའི་ལས་ཐོག་ཉེས་གསོག་ཞིབ་བཤེར་ཐག་གཅོད། ཁྲིམས་རྩོད་པའི་ལས་རིགས་དབང་ཆར་བརྩི་འཇོག་དང་འགན་ལེན་བཅས་བྱས་པ། གསུམ་ནས་ཁྲིམས་ལྟར་སྤྱི་པའི་གཏུག་བཤེར་ལས་དོན་གསར་འབྱེད་བྱས་ནས་སྤྱི་ཕན་སྲུང་སྐྱོང་གི་བླ་ན་མེད་པའི་འོས་འགན་བསྒྲུབས་ཡོད། གཉིས་ཁེ་དང་། ཁེ་མང་། མཉམ་ཁེ་བཅས་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་གཏུག་བཤེར་གོང་གི་སྤྱི་ཕན་དམིགས་ཡུལ་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས་ཞུ་སྦྱོར་ཐད་གསོན་ཉམས་ལྡན་པའི་ཁྲིམས་སྐྱོང་སློབ་ཚན་བཟོས་པ་དང་བཅའ་ཁྲིམས་ཀྱི་བྱེད་ཐབས་ཐོག་ནས་སྔོན་གཤེགས་དཔའ་བོའི་ལ་རྒྱ་སྲུང་སྐྱོང་བྱས་པ། བཞི་ནས་ཞིབ་དཔྱོད་ལྟ་སྐུལ་ནུས་པ་ཆེ་རུ་བཏང་ནས་དེ་བས་མཐོ་ལ་དེ་བས་ནན་པའི་དུས་རབས་གསར་པའི་བླང་བྱ་དང་འཚམ་པ་བྱས་ཡོད། ཏང་གི་ཆབ་སྲིད་འཛུགས་སྐྱོང་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ནང་འཛུགས་སྒྲིག་གཞིའི་མ་ལག་དང་བསྐྱར་འཛུགས་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་བཏང་བ། གསར་གཏོད་ལ་བརྟེན་ནས་ལས་སྒོར་སྐུལ་འདེད་བཏང་བ། དོ་དམ་ནན་པོ་བྱེད་པ་དེ་དགའ་གཅེས་བྱེད་པ་ཞིག་ཡིན་པ་མཐའ་འཁྱོངས་བཅས་བྱས་པ། ལྔ་ནས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་ཞིབ་དཔྱོད་དབང་ཆ་ཚད་ལྡན་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད།
     ཀྲང་ཅུན་གྱིས་2019ལོའི་ཞིབ་དཔྱོད་ལས་དོན་ཡག་པོ་སྒྲུབ་པའི་ཆེས་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཆེས་འགག་རྩ་ནི་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། གལ་འགངས་ཆེ་ཤོས་ནི་བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་ལ་ཐུག་ཡོད། གཅིག་ནས“བརྟན་ཐོག་ཡར་འཕེལ”གྱི་སྤྱི་ཡོངས་སྟངས་འཛིན་བྱས་ཏེ་ཁྲིམས་ལྟར་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་དང་། གཉིས་ནས“དོན་འཁྱོལ”གྱི་ལྟེ་བ་དེ་སྟངས་འཛིན་བྱས་ཏེ་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་གྱིས་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་པ། གསུམ་ནས“མཐོར་གཏོང”གི་དམིགས་ཚད་ཁོང་དུ་ཆུད་པ་བྱས་ཏེ་དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་ལ་རྣམ་པ་གསར་པ་ལྡན་པ་དང་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད། 

  
style="display:none;"