མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་དང་ཞིང་ལས་འཕྲུལ་ཆས་ཅན་
ཕྱོགས་སྒྱུར་རིམ་སྤོར་གྱི་ལས་དོན་ཚོགས་འདུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་18ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་དང་ཞིང་ལས་འཕྲུལ་ཆས་ཅན་ཕྱོགས་སྒྱུར་རིམ་སྤོར་གྱི་ལས་དོན་ཚོགས་འདུ་དེ་ཟླ་3ཚེས་16ཉིན་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུའི་ཐོག“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ཞིང་ལས་ཐོན་སྐྱེད་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་ཞིང་ལས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། ཞིང་ལས་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ། ཞིང་ལས་འཕྲུལ་ཆས་ཅན་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། མཆན་བཀོད་མཛུབ་སྟོན་ནང“ཞིང་གསུམ”ལས་དོན་དང་ལྷག་པར་དུ་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལས་དོན་གཏིང་ཟབ་ངང་ཡག་པོ་བསྒྲུབ་རྒྱུ་དེ་འདི་ལོའི་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དཔྱིད་དུས་ཞིང་ནང་གཡོག་བྱེད་དང་དཔྱིད་རྨོད་དཔྱིད་གྲབས་ལ་དམ་འཛིན་ལྷོད་མེད་བྱས་ནས་འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ་དང་འབྲུ་རིགས་ཐོན་སྐྱེད་ཀྱི་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། ཞིང་ལས་འཕྲུལ་ཆས་ཅན་དང་ཞིང་འཕྲུལ་དང་། སྒྲིག་ཆས། ཐོན་ལས་བཅས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་གསར་སྦོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། 
     འབྲུ་རིགས་དང་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས་འབྲུ་རིགས་ཐོན་སྐྱེད་འཕེལ་རྒྱས་བརྟན་པོ་དང་ཞིང་ལས་ཐོན་ཟོག་གལ་ཆེན་མཁོ་སྤྲོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། “དྲ་སྦྲེལ+ཞིང་ལས”ལག་བསྟར་གཏིང་ཟབ་དང་། ཕ་ཡུལ་དུ་ལོག་ནས་ལས་གཏོད་གསར་གཏོད་བྱ་རྒྱུར་རྒྱབ་སྐྱོར། གྲོང་གསེབ་སྒྱུར་བཅོས་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་གཙོ་གནད་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ལྕི་པོ་ཏན་ཏིག་འཁུར་བ། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་དང་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
     ཧུའུ་ཁྲུན་ཧྭ་ཡིས་འབྲུ་རིགས་དང་ཞིང་ལས་ཐོན་ཟོག་གལ་ཆེན་གྱི་མཁོ་སྤྲོད་འགན་ལེན་བྱེད་རྒྱུ་དེ་ཉིད་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་ལས་འགན་ཨང་དང་པོར་བརྩིས་ཏེ་འབྲུ་རིགས་འདེབས་ཁྱོན་དང་ཐོན་འབབ་བརྟན་པོ་ཡོང་བ་བྱེད་པ་དང་། ཐོན་སྐྱེད་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་གཏོང་བ། ཚད་གཞི་མཐོ་བའི་ཞིང་ཁ་གསར་སྦོལ་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འབྲུ་རིགས་ཀྱི་ཐོན་ནུས་བརྟན་པོའི་ངང་འཕར་བ་བཅས་བྱེད་དགོས། ཡུལ་བབ་དང་བསྟུན་ནས་འབྲོག་ལས་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཚད་གཞི་ཅན་དང་གཞི་ཁྱོན་ཅན་གྱི་གསོ་ཚགས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཨ་ཧྥེ་རི་ཁའི་ཕག་ནད་སོགས་ནད་ཡམས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ཐོན་སྐྱེད་བཀོད་པ་མགྱོགས་མྱུར་ལེགས་སུ་གཏོང་བ། འབྲོག་ལས་འཕེལ་རྒྱས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཤུགས་ཆེན་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་ཐོན་ཁུངས་རྟེན་གཞིར་བྱས་པའི་སྤུས་ཚད་མཐོ་བའི་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་ཧུར་ཐག་གཏོང་བ། ཁྲོམ་རའི་དགོས་མཁོ་དང་སྦྲེལ་མཐུད་ནུས་ལྡན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱེད་དགོས། ཞིང་ལས་གཉེར་སྐྱོང་བྱེད་སྟངས་གསར་གཏོད་ཧུར་ཐག་བྱེད་པ་དང་། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་བ། ཞིང་ལས་འཕྲུལ་ཆས་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མྱུར་པོ་གཏོང་བ། ཞིང་ལས་ཀྱི་གེགས་འགོག་གེགས་སེལ་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་བརྟན་པོ་ཡོང་བ་བཅས་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"