མི་དམངས་དྲ་བ།

༄༅།།ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་རོ་མ་རྒྱལ་བཙུགས་ཞག་སྡོད་སློབ་སྦྱོང་སློབ་གྲྭའི་
དགེ་སློབ་ལ་འཕྲིན་ལན་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་20ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དབྱི་ཐ་ལིར་རྒྱལ་དོན་འཚམས་འདྲིར་ཕེབས་ཉེར་ཡོད་པའི་སྐབས་སུ། དབྱི་ཐ་ལིའི་རོ་མའི་རྒྱལ་བཙུགས་ཞག་སྡོད་སློབ་སྦྱོང་སློབ་གྲྭའི་སློབ་སྤྱི་ལི་ཡཱ་ལའེ་དང་མཐོ་རིམ་སློབ་འབྲིང་གི་སློབ་མ་བརྒྱད་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་རྒྱུ་རེ་སྒུག་ཆེན་པོ་ཞུ་ལུགས་དང་ཀྲུང་དབྱིའི་མཛའ་གྲོགས་བྱ་གཞག་ལ་བསམ་འདུན་བཟང་པོ་འཆང་ལུགས་མཚོན་པར་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དགེ་སློབ་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་དུས་རབས་གསར་པའི་ཀྲུང་དབྱིའི་རིག་གནས་སྤེལ་རེས་ཀྱི་ཕོ་ཉ་ཡག་པོ་ཞིག་བྱེད་དགོས་པའི་བསྔགས་སྐུལ་གནང་བ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ཁྱེད་ཚོས་སྤྲིངས་པའི་འཕྲིན་ཡིག་ལག་འབྱོར་བྱུང་།
སློབ་མ་ཚོས་རྒྱ་ཡིག་གི་ཐོག་ནས་རང་ཉིད་ཀྱི་བསམ་འདུན་ལྷུག་པོར་བརྗོད་ཚུལ་མཐོང་སྐབས་རང་ཉིད་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད།
     ཞི་ཅིན་ཕིང་གི་འཕྲིན་ལན་ནང་ཁྱེད་ཚོའི་སློབ་གྲྭས་རྒྱ་ཡིག་རྒྱལ་སྤྱིའི་རང་བྱུང་ཚན་རིག་ཚན་ཁག་གི་མཐོ་རིམ་སློབ་འབྲིང་གྲུབ་འབྲས་ཐོབ་པའི་ངང་བཙུགས་ནས་ཀྲུང་དབྱིའི་མཛའ་གྲོགས་བྱ་གཞག་ལ་གཞོལ་འདོད་པའི་གཞོན་ནུ་མང་པོ་ཞིག་གསོ་སྐྱོང་བྱས་པ་ཤེས་རྟོགས་བྱུང་། སློབ་མ་ཚོས་འཕྲིན་ཡིག་ནང་ཁུང་ཙི་སློབ་ཁང་གི་རྣམ་གྲངས་བརྒྱུད། ཀྲུང་གོའི་གནས་ཚུལ་ཤེས་རྟོགས་བྱེད་པའི་གོ་སྐབས་ཤིག་ཐོབ་པ་མ་ཟད། ད་དུང་མཐའ་ཡས་པའི་འཛམ་གླིང་དང་སྣ་མང་རིག་གནས་ཀྱི་རིན་ཐང་ཡང་ཤེས་རྟོགས་བྱུང་ཞེས་ངོ་སྤྲོད་བྱས་འདུག དེ་ནི་ཁྱེད་ཚོས་སློབ་སྦྱོང་དང་ལག་ལེན་བྱས་པ་ལས་བྱུང་བའི་གྲུབ་འབྲས་ཤིག་རེད། ཁྱེད་ཚོས་ཀྲུང་དབྱིའི་གཞོན་ནུའི་དབར་གྱི་བསམ་བློ་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་དང་ཀྲུང་དབྱིའི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་བློ་ཐག་བཅད་པར་ངས་བསྔགས་བརྗོད་བྱ་རྒྱུ་ཡིན། སླད་ཕྱིན་ཁྱེད་ཚོས་དུས་རབས་གསར་པའི་མཱ་ཁེ·ཕོ་ལོ་དང་ཀྲུང་དབྱིའི་རིག་གནས་སྤེལ་རེས་ཀྱི་ཕོ་ཉ་བྱ་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད་པ་རེད།
     ཞི་ཅིན་ཕིང་གི་འཕྲིན་ལན་ནང་ལང་ཚོས་ཕུགས་འདུན་འགྲོགས་ནས་མདུན་དུ་སྐྱོད། ཁྱེད་ཚོ་མི་རིང་བར་མཐོ་རིམ་སློབ་འབྲིང་ཐོན་ནས་སློབ་ཆེན་དུ་བསྐྱོད་རྒྱུ་རེད། ལང་ཚོ་རྒྱས་པའི་ཁྱེད་ཚོའི་བསམ་འདུན་ཚང་མ་ལྷུན་གྱིས་འགྲུབ་པར་ཤོག ཁྱེད་ཚོ་ཀྲུང་གོར་སློབ་སྦྱོང་དང་ལས་ཀ་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་འདི་ཉིད་ཁྱེད་ཚོའི་བསམ་འདུན་མངོན་འགྱུར་བྱེད་ས་ཞིག་ཏུ་འགྱུར་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

  
style="display:none;"