མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་
ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་གནང་བ་དང་
འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་21ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ● མིག་སྔར་སྒྱུར་བཅོས་གལ་ཆེན་ཧ་ཅང་མང་པོ་ཞིག་སྐུལ་འདེད་དང་དོན་འཁྱོལ་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད་པས་སྒྱུར་བཅོས་ཀྱི་ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ན་དེ་ཙམ་གྱིས་ཁ་ཕྱོགས་སྟངས་འཛིན་བརྟན་པོ་དང་། ཕན་འབྲས་མངོན་གསལ་དོད་པོ། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བཅས་བྱས་ནས་སྒྱུར་བཅོས་བྱེད་པ་བརྒྱུད་གཞི་རིམ་ལ་དཀའ་ངལ་བཟོ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་ཆེ་རུ་གཏོང་རྒྱུ་མུ་མཐུད་གནས་བབ་མངོན་གསལ་དོད་སར་བཞག་ནས་སྒྱུར་བཅོས་གལ་ཆེན་གྱི་བྱེད་ཐབས་དོན་འཁྱོལ་ཡོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་19ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་མིག་སྔར་སྒྱུར་བཅོས་གལ་ཆེན་ཧ་ཅང་མང་པོ་ཞིག་སྐུལ་འདེད་དང་དོན་འཁྱོལ་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད་པས་སྒྱུར་བཅོས་ཀྱི་ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ན་དེ་ཙམ་གྱིས་ཁ་ཕྱོགས་སྟངས་འཛིན་བརྟན་པོ་དང་། ཕན་འབྲས་མངོན་གསལ་དོད་པོ། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བཅས་བྱས་ནས་སྒྱུར་བཅོས་བྱེད་པ་བརྒྱུད་གཞི་རིམ་ལ་དཀའ་ངལ་བཟོ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་ཆེ་རུ་གཏོང་རྒྱུ་མུ་མཐུད་གནས་བབ་མངོན་གསལ་དོད་སར་བཞག་ནས་སྒྱུར་བཅོས་གལ་ཆེན་གྱི་བྱེད་ཐབས་དོན་འཁྱོལ་ཡོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
      ཚོགས་འདུའི་ཐོག《དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་བཀོད་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང《མཐོ་སློབ་དང་ཚན་ཞིབ་ཁང་དང་སུའོ་ཡི་ཚན་ཞིབ་ཀྱི་འབྲེལ་ཡོད་རང་བདག་དབང་ཆ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》 《མི་ཐབས་རིག་ནུས་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《སྤྱི་པའི་ཐོན་ཁུངས་བརྗེ་ཚོང་ལས་སྟེགས་བསྡུ་སྒྲིལ་མཉམ་སྤྱོད་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《རྡོ་སྣུམ་རང་བྱུང་སོལ་རླངས་མདོང་དྲ་འཁོར་སྐྱོད་ཚོང་གཉེར་ལམ་སྲོལ་སྒྱུར་བཅོས་ཀྱི་ལག་བསྟར་བསམ་འཆར》 《སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《མེ་ཟོན་ཁྲིམས་འཛིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
      ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་བཀོད་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བར་གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་གསབ་པ། སྐྱོན་ཆ་སེལ་བ་བཅས་ལ་དམིགས་ནས་སྲུང་སྐྱོང་ཆེན་པོར་དམ་འཛིན་ཡག་པོ་བྱེད་རྒྱུར་དེ་བས་མཐོང་ཆེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུགས་ཀྱི་ཁེ་ཕན་ཐོག་ནས་བསམ་གཞིག་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་གནས་བབ་གལ་ཆེན་ལ་འཇོག་པ་བཅས་ཀྱི་ཐོག་ནས་སྣོད་བཅུད་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས། ཐོན་འབྱེད་ཆེ་མོར་དམ་འཛིན་ཡག་པོ་བྱེད་རྒྱུར་དེ་བས་མཐོང་ཆེན་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཕྱི་ནང་བགྲོད་ལམ་དང་ས་ཁོངས་རང་བཞིན་གྱི་ལྟེ་གནས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་དང་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དེ་བས་མཐོང་ཆེན་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་འབོར་དང་། ཐོན་ཁུངས། ཁོར་ཡུག་བཅས་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། མཐོ་སློབ་དང་ཚན་ཞིབ་ཁང་དང་སུའོ་ནི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་དང་། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། འབྲེལ་ཡོད་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་ལེགས་སུ་གཏོང་བ་དང་། གྲུབ་འབྲས་སྟོན་ཕྱོགས་སུ་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། ཚན་ཞིབ་རྣམ་གྲངས་དོ་དམ་གྱི་བརྒྱུད་རིམ་ཁུ་བསྡུ་བྱེད་པ། ཚན་རྩལ་རྣམ་གྲངས་གལ་ཆེན་འགོ་འཛུགས་དང་སྒྲིག་འཛུགས་ལག་བསྟར་གྱི་ལམ་སྲོལ་སྒྱུར་བཅོས་བྱེད་པ་བཅས་ཀྱི་ཐོག་ནས་མཐོ་སློབ་དང་ཚན་ཞིབ་ཁང་དང་སུའོ་ལ་རང་བདག་དབང་ཆ་དེ་བས་མང་བ་སྤྲོད་དགོས། རྒྱལ་ཁབ་ཀྱི་དམིགས་ཚད་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་དགོས་མཁོར་རང་རྟོགས་ངང་བརྩི་སྲུང་ཞུས་ཏེ་རིགས་དབྱེ་སྒྱུར་བཅོས་བྱེད་པ་དང་། གནད་སྨིན་ཇུས་འདོན་བྱེད་པ། ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
     ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། མི་ཐབས་རིག་ནུས་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བར་ཐོན་གསར་པའི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱས་ནས་ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་འཛིན་པ་དང་ཐོན་ལས་ཉེར་སྤྱོད་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་གཏིང་ཟབ་བྱེད་པ། ལམ་ལུགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་དང་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་པ། ལས་རིགས་མི་འདྲ་བ་དང་། ས་ཁོངས་མི་འདྲ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ། གསར་གཏོད་ཀྱི་གྲུབ་འབྲས་ཉེར་སྤྱོད་གཞན་སྒྱུར་གྱི་ཐབས་ལམ་དང་ཐབས་ཤེས་འཚོལ་ཞིབ་བྱེད་པ་བཅས་ཀྱི་ཐོག་ནས་གྲངས་གཞིར་བརྟེན་ནས་སྐུལ་འདེད་དང་། མི་འཕྲུལ་མཉམ་སྒྲུབ། རིགས་སྒྲོལ་མཉམ་འདྲེས། མཉམ་གཏོད་མཉམ་སྤྱོད་བཅས་ཀྱི་རིག་ནུས་དཔལ་འབྱོར་གྱི་རྣམ་པ་གཏོད་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་མཉམ་སྒྲུབ་བྱེད་པ། སྤྱི་དམངས་ཞུགས་པ། ཁྲིམས་སྐྱོང་འགན་ལེན་བཅས་ཀྱི་དེང་རབས་ཀྱི་གྲོང་གསེབ་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ། ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་བཅོས་སྒྲིག་བྱེད་པ། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་ལེགས་འདེམས་ཧྲག་སྒྲུག་བྱེད་པ། གྲོང་མིའི་རང་སྐྱོང་ལག་ལེན་གཏིང་ཟབ་བྱེད་པ། གྲོང་གསེབ་བཅོས་སྐྱོང་ཁྲོད་ཀྱི་ཞིང་པའི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་གྲོང་གསེབ་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས།
     ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། སྤྱི་པའི་ཐོན་ཁུངས་བརྗེ་ཚོང་ལས་སྟེགས་བསྡུ་སྒྲིལ་མཉམ་སྤྱོད་གཏིང་ཟབ་བྱེད་པར་ནང་འདྲེན་བྱེད་དགོས་རིགས་ངེས་པར་དུ་ནང་འདྲེན་དང་། གཅིག་གྱུར་ཚད་ལྡན། ཡོངས་བསྒྲགས་ཁ་གསལ། ཞབས་ཞུ་ནུས་ཆེ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ལས་སྟེགས་བརྗེ་ཚོང་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། རིག་དབྱེ་གཅིག་གྱུར་གྱི་བརྗེ་ཚོང་ལམ་ལུགས་ཀྱི་སྒྲིག་གཞི་དང་། ལག་རྩལ་གྱི་ཚད་གཞི། གྲངས་གཞི་ཚད་ལྡན་བཅས་འཐུས་སྒོ་ཚང་དུ་གཏོང་བ། བརྗེ་ཚོང་ལྟ་འདོམས་ཀྱི་སྒྲིག་གཞི་གསར་གཏོད་བྱེད་པ། སྤྱི་པའི་ཐོན་ཁུངས་ཡོངས་བསྒྲགས་བརྗེ་ཚོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་དང་དྲང་གཞག་རང་བཞིན་ཆེ་རུ་ནུས་ལྡན་གཏོང་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། རྡོ་སྣུམ་རང་བྱུང་སོལ་རླངས་མདོང་དྲ་འཁོར་སྐྱོད་ཚོང་གཉེར་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བ་མཐའ་འཁྱོངས་བྱས་ནས་གཞུང་ཁོངས་མ་རྩའི་མ་རྐང་ཚོད་འཛིན་དང་མ་འཇོག་བྱེད་པོ་སྣ་མང་ཅན་གྱི་རྡོ་སྣུམ་རང་བྱུང་སོལ་རླངས་མདོང་དྲ་ཀུང་སི་འཛུགས་པ་དང་། སྟོད་རྒྱུད་ཀྱི་སྣུམ་རླངས་ཐོན་ཁུངས་བྱེད་པོ་མང་བ་དང་ཐབས་ལམ་མང་བའི་མཁོ་འདོན་དང་། བར་རྒྱུད་ཀྱི་གཅིག་གྱུར་མདོང་དྲ་ནུས་ཆེ་གཅིག་སྡུད་སྐྱེལ་འདྲེན། སྨད་རྒྱུད་ཀྱི་ཕྱིར་ཚོང་ཁྲོམ་ར་འགྲན་རྩོད་ཧ་ཅང་ཆེ་བ་བཅས་ཀྱི་སྣུམ་རླངས་ཁྲོམ་རའི་མ་ལག་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ། སྣུམ་རླངས་ཐོན་ཁུངས་བཀོད་སྒྲིག་ལས་ཆོད་ཆེ་རུ་གཏོང་བ་བཅས་ལ་བརྟེན་ནས་སྣུམ་རླངས་བདེ་འཇགས་དང་བརྟན་པོའི་ངང་མཁོ་འདོན་ཐུབ་པའི་འགན་ལེན་བྱེད་དགོས།
     ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། མི་དམངས་ཀྱི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བར་དམིགས་ནས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཞབས་ཞུའི་བྱ་ཐབས་དང་ཐབས་ཤེས་གསར་གཏོད་བྱེད་པ། ཞབས་ཞུའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་དང་། ནུས་ཆེ་སྟབས་བདེ། དོ་སྙོམས་ཀུན་ཕན་བཅས་ཀྱི་དེང་རབས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས།
    ཚོགས་འདུའི་ཐོག་མེ་ཟོན་ཁྲིམས་འཛིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་ལྟ་འདོམས་བྱེད་ཐབས་གསར་གཏོད་བྱས་ནས་འབྱུང་རྩ་ནས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་གཏིང་ཟབ་བྱེད་པ། ལུགས་དང་མི་མཐུན་པའི་ཚད་གཞི་དང་ཚོད་འཛིན་སྣ་ཚོགས་མཐའ་གཅིག་ཏུ་མེད་པར་བཟོ་བ། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། མེ་ཟོན་ཁྲིམས་འཛིན་གྱི་དོན་ཚན་ཡོངས་རྗོགས་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱེད་རྒྱུར་སྐུལ་འདེད་གཏོང་བ། མེ་ཟོན་ལྟ་འདོམས་ཀྱི་མ་ལག་སྐྲུན་པ་བཅས་ལ་བརྟེན་ནས་མེ་ཟོན་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་ཡག་པོ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"