མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཧ་ཕུ་སློབ་ཆེན་གྱི་སློབ་སྤྱི་པཱ་ཁོའོ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་22ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཧ་ཕུ་སློབ་ཆེན་གྱི་སློབ་སྤྱི་པཱ་ཁོའོ་དང་མཇལ་འཛོམས་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་ཧ་ཕུ་སློབ་ཆེན་གྱི་སློབ་སྤྱི་པཱ་ཁོའོ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་པཱ་ཁོའོ་ཡིས་ཧ་ཕུ་སློབ་ཆེན་གྱི་སློབ་སྤྱིའི་འགན་བཞེས་རྗེས་འཚམས་འདྲི་ཐོག་མ་དེ་ཀྲུང་གོར་ཕེབས་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་ཐོག་ནས་སློབ་སྤྱི་པཱ་ཁོའོ་ཡིས་ཀྲུང་ཨའི་སློབ་གསོ་སྤེལ་རེས་ལ་མཐོང་ཆེན་གནང་བ་མཚོན་གྱི་ཡོད་ཅེས་བསྔགས་བརྗོད་གནང་ཞིང་། ཞི་ཅིན་ཕིང་གིས་སློབ་གསོ་སྤེལ་རེས་དང་མཉམ་ལས་ནི་ཀྲུང་ཨའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་ཨའི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་དམངས་འདུན་རྨང་གཞི་བརྟན་དུ་གཏོང་རྒྱུར་ཕན་པ་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70ཡི་རིང་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་པའི་ལོ་40ཡི་རིང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཇུག་འགྲིལ་ནས་མེས་རྒྱལ་དུ་ཕྱིར་ལོག་བྱས་པའི་ཤེས་ཡོན་ཅན་འབོར་ཆེན་ཞིག་གིས་ཀྲུང་གོ་འཕེལ་རྒྱས་དང་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ང་ཚོས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་མིག་དཔེར་འཛིན་རྒྱུའི་འདོད་ཚུལ་བཟུང་སྟེ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུའི་སྐུལ་ལྕག་བྱེད་ཀྱི་ཡོད་ལ་ཀྲུང་ཕྱིའི་སློབ་གསོ་སྤེལ་རེས་དང་མཉམ་ལས་ལ་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད། སླད་ཕྱིན་ཀྲུང་ཨའི་མི་ཆོས་རིག་གནས་སྤེལ་རེས་ལ་གྲུབ་འབྲས་ཡག་པོ་སྔར་བས་མང་བ་ཐོབ་རྒྱུའི་རེ་བ་ཡོད། ན་ནིང་གི་ལོ་མཇུག་ཏུ་ང་དང་ཙུང་ཐུང་ཐེ་རོན་ཕུ་ཨ་ཀེན་ཐིན་དུ་ཞལ་འཛོམས་བྱུང་། སྐབས་དེར་ཁོང་གིས་ཀྲུང་ཨའི་སློབ་གསོ་སྤེལ་རེས་དང་མཉམ་ལས་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་ཀྱང་གསུངས་པར་རང་ཉིད་ཧ་ཅང་དགའ་པོ་བྱུང་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་པའི་ལོ་40ཡི་རིང་ཀྲུང་གོ་འཕེལ་རྒྱས་མྱུར་པོ་བྱུང་བ་དེ་ཚད་གཞི་ངེས་ཅན་ཞིག་ནས་བརྗོད་ན་སློབ་གསོའི་ཆུ་ཚད་མཐོ་རུ་ཕྱིན་པ་ལས་ཀྱང་བྱུང་བ་ཞིག་ཡིན། ཀྲུང་གོས་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ། མི་དམངས་ཀྱི་བློ་ལ་བབས་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་ལ་གཞོལ་བཞིན་ཡོད། ང་ཚོས་སློབ་གསོའི་སྒོ་མོ་ཕྱི་ཕྱོགས་ལ་འབྱེད་རྒྱ་ཆེ་རུ་བཏང་སྟེ་འཛམ་གླིང་རྒྱལ་ཁབ་ཁག་དང་ཕན་ཚུན་སྤེལ་རེས་དང་ཕན་ཚུན་མིག་དཔེར་འཛིན་ཤུགས་ཆེ་རུ་བཏང་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན། བརྒྱུད་རིམ་དེའི་ཁྲོད་ང་ཚོས་ཧ་ཕུ་སློབ་ཆེན་སོགས་ཨ་རིའི་སློབ་གསོ་ཚན་ཞིབ་སྒྲིག་གཞི་དང་ཁྱབ་རྒྱ་དེ་བས་ཆེ་བའི་སྤེལ་རེས་དང་མཉམ་ལས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     པཱ་ཁོའོ་ཡིས་ཞི་ཅིན་ཕིང་གིས་མཇལ་འཛོམས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧ་ཕུ་སློབ་ཆེན་གྱི་སློབ་སྤྱིའི་འགན་ཁུར་རྗེས་འཚམས་འདྲི་ཐོག་མ་ཀྲུང་གོར་ཡོང་རྒྱུ་བྱུང་བ་ལས་དགའ་བ་དཔག་མེད་བྱུང་། ང་ད་རེས་འཚམས་འདྲིར་ཡོང་བ་ནི་ཧ་ཕུ་སློབ་ཆེན་གྱི་སློབ་སྤྱིའི་མིང་ཐོག་ནས་ཡོང་བ་ཞིག་ཡིན་པ་མ་ཟད། ད་དུང་ཨ་རིའི་མཐོ་སློབ་ཀྱིས་ཨ་ཀྲུང་གི་སློབ་གསོ་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུའི་ཚབ་བྱས་ནས་ཡོང་བ་ཞིག་ཀྱང་ཡིན། ཨ་ཀྲུང་གི་མཐོ་སློབ་སོགས་སློབ་གསོ་རིག་གནས་སྒྲིག་གཞིས་སློབ་གསོ་སྤེལ་རེས་དང་མཉམ་ལས་མུ་མཐུད་བྱ་རྒྱུ་དང་འབྲེལ་གཏིང་ཟབ་ཏུའང་གཏོང་རྒྱུ་དེ་སླད་ཀྱི་ཆ་ནས་བརྗོད་ན་ཨ་ཀྲུང་དབར་གྱི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་ཐད་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ཧ་ཕུ་སློབ་ཆེན་ལ་ཀྲུང་གོའི་ཕྱི་སྦྱོང་སློབ་མ་མང་པོ་ཡོད་པ་དང་ཕྱིའི་སྐད་ཡིག་ཁྲོད་རྒྱ་ཡིག་ཁྱབ་གདལ་བྱུང་ཚད་ཀྱང་མདུན་གྲལ་དུ་སླེབས་ཀྱི་ཡོད། ཀྲུང་གོ་སྲིད་གཞུང་གིས་མཐོ་རིམ་སློབ་གསོར་མཐོང་ཆེན་བྱས་པ་དང་ཤུགས་སྣོན་ཆེན་པོ་བརྒྱབ་པ་དེ་མི་རྣམས་ཀྱིས་ཡིད་སྨོན་བྱེད་འོས་པ་ཞིག་རེད། ཧ་ཕུ་སློབ་ཆེན་གྱིས་ཀྲུང་གོའི་སློབ་གསོ་ཚན་རིག་སྒྲིག་གཞི་དང་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"