མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་27ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་ཧྥ་རན་སེའི་གྲོང་ཁྱེར་ཉི་སི་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་དགོང་མོ་ཧྥ་རན་སིའི་གྲོང་ཁྱེར་ཉི་སི་རུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་མཇལ་འཛོམས་གནང་ཞིང་། ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་མཱ་ཁེ་ལུང་གི་སྐུ་ཟླ་པུ་ལི་ཅེ་ཐེ་མཉམ་དུ་བཞུགས་ཡོད་པ་རེད།
     ཞི་ཅིན་ཕིང་གིས་ཐུགས་སྣང་གཤིན་པོས་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་ལོ་རྒྱུས་ལ་ཕྱིར་དྲན་གནང་ཞིང་། ཞི་ཅིན་ཕིང་གིས་ཧྥ་རན་སེ་ནི་ཀྲུང་གོ་གསར་པ་དང་དངོས་སུ་ཕྱི་འབྲེལ་འཛུགས་མཁན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་དང་པོ་དེ་རེད་ལ། ཀྲུང་གོ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་མཁན་དང་འཐབ་ཇུས་གླེང་མོལ་བྱེད་མཁན་སྔ་ཤོས་དང་ཀྲུང་གོ་དང་དམངས་སྤྱོད་ཉིང་རྡུལ་ནུས་པའི་མཉམ་ལས་སྤེལ་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད་ལ། ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་55འཁོར་བའི་ལོ་ཞིག་ཀྱང་རེད། ངས་དམིགས་བསལ་གྱི་ལོ་དེར་ཧྥ་རན་སེར་འཚམས་འདྲི་བྱས་པ་དེར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་རྒྱལ་སྤྱིའི་དུས་བབ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་ཆེན་པོ་ཕྱིན་མོད། འོན་ཀྱང་དོན་ཁ་ཤས་ལ་འགྱུར་ལྡོག་གཏན་ནས་ཕྱིན་མེད། གཅིག་ནི་ཀྲུང་གོས་ཀྲུང་ཧྥའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དེར་འགྱུར་ལྡོག་གཏན་ནས་ཕྱིན་མེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཧྥ་རན་སེ་འདི་ཉིད་མདུན་གྲལ་དུ་འཇོག་པའི་མཉམ་ལས་རོགས་ཟླར་བརྩི་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་དམིགས་བསལ་མཛའ་གྲོགས་ཀྱི་བརྩེ་སེམས་ལྡན་ཡོད། འདི་ནི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པས། ང་ཚོས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་ནས་ཀྲུང་ཧྥའི་འབྲེལ་བ་དུས་རབས་འཕེལ་རྒྱས་ཀྱི་མདུན་གྲལ་དུ་མུ་མཐུད་སྐྱོད་ཐུབ་པ་བྱེད་དགོས་པ་དང་།
     གཉིས་ནི་ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱིས་ཞི་བདེ་དང་། འཕེལ་རྒྱས། གཞུང་དྲང་། དྲང་བདེན་བཅས་ལ་ཐུན་མོང་ཐོག་དོན་གཉེར་བྱ་རྒྱུར་འགྱུར་ལྡོག་གཏན་ནས་ཕྱིན་མེད། 
     ཀྲུང་ཧྥ་རྒྱལ་ཁབ་གཉིས་པོ་ནི་མིག་རྒྱང་རིང་བ་དང་རང་ཚུགས་རང་བརྟེན་གྱི་སྙིང་སྟོབས་ལྡན་པའི་མི་རིགས་ཤིག་རེད་ལ། མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱ་རྒྱུའི་འདོད་ཚུལ་འཛིན་པ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ཏེ། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱས་ཡོད།
     གསུམ་ནི་ཀྲུང་ཧྥ་མཉམ་ལས་གཉིས་ཁེ་གཉིས་ཕན་གྱི་ངོ་བོར་འགྱུར་ལྡོག་གཏན་ནས་ཕྱིན་མེད། ཀྲུང་ཧྥའི་མཉམ་ལས་ཀྱི་ལོ་རྒྱུས་ཐོག་ནས་ཕྱོགས་གཉིས་པོ་ནི་རྒྱལ་ཕམ་རོལ་རྩེད་ཀྱི་འབྲེལ་བ་ཞིག་མ་ཡིན་པར་འབྱུང་འགྱུར་གྱི་དུས་ཚོད་རིང་པོའི་ནང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ལ་སྔར་བཞིན་གསབ་རེས་ཀྱི་ལེགས་ཆ་ཆེན་པོ་ལྡན་པ་གསལ་བཤད་ཐུབ་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་ཧྥའི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུ་དེ་རང་རང་སོ་སོའི་ཕུགས་ཀྱི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ལ། འཛམ་གླིང་ལའང་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་རེད། ཕྱོགས་གཉིས་པོས་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་མཉམ་ལས་ཀྱི་འཕར་གནས་གསར་པ་སྐྱེད་སྲིང་བྱས་ཏེ་གྲོས་གཏན་འཁེལ་བ་བཞིན་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”བསྐྲུན་པ་དང་ཕྱོགས་གསུམ་པའི་མཉམ་ལས་རྣམ་གྲངས་སྔ་ཙམ་དམིགས་སར་འཁྱོལ་བ་དང་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས། གནམ་གཤིས་འགྱུར་ལྡོག་སོགས་གནད་དོན་གལ་ཆེན་ཐད་མུ་མཐུད་འཐབ་ཇུས་འབྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གཞི་གཅིག་ཅན་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱས་ཏེ་ཡོ་རོབ་དབུས་མའི་འབྲེལ་བའི་ཁྲོད་ཧྥ་རན་སེ་ཕྱོགས་ཀྱིས་དེ་བས་དགེ་མཚན་ལྡན་པའི་ཁྲིད་སྟོན་དང་སྐུལ་འདེད་ཀྱི་ནུས་པ་འདོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
     མཱ་ཁེ་ལུང་གིས་ན་ནིང་ངས་ཀྲུང་གོར་འཚམས་འདྲི་བྱས་པར་གྲུབ་འབྲས་ཐོབ་པ་མ་ཟད། ཧ་ཅང་སྐྱིད་པོ་བྱུང་། ལོ་གཅིག་ལྷག་ཙམ་རིང་ཧྥ་ཀྲུང་ཕྱོགས་གཉིས་པོས་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་བཞག་པའི་ཐུན་མོང་ངོས་འཛིན་གལ་ཆེན་རྒྱུན་ཆད་མེད་པར་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་མ་ནུས་ལྡན་བཏང་ཡོད། ཧྥ་རན་སེ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དོ་ཁུར་དང་མཐོང་ཆེན་བྱེད་ཀྱི་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་འདི་ཉིད་འཐབ་ཇུས་མཉམ་ལས་རོགས་ཟླ་གལ་ཆེན་དུ་བརྩི་བ་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་ལས་དོན་ནང་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་ནུས་པ་གལ་ཆེན་དང་ཕུལ་བའི་ལེགས་སྐྱེས་ལ་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་མཐུད་དང་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་ཧྥ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཏེ་མཉམ་དུ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་འཛམ་གླིང་ཞི་བདེ་དང་གྲ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"