མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏེ་ཨེན་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་03ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏེ་ཨེན་དང་མཇལ་འཛོམས་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏེ་ཨེན་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཡུན་རིང་མ་སོང་གོང་ནེའུ་ཙི་ལན་དུ་ཐོན་པའི་མེ་མདའི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཐད་སླར་ཡང་ནེའུ་ཙི་ལན་ཕྱོགས་ལ་སེམས་གསོའི་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་རྒྱལ་ནང་དུ་དམིགས་བསལ་གྲོས་རིམ་གལ་ཆེན་འཕྲད་པའི་གནས་ཚུལ་འོག་ཙུང་ལི་མཁྱེན་ལྡན་མ་ཆེད་མངགས་ཀྲུང་གོར་འཚམས་འདྲི་གནང་བ་དེ་ཐོག་ནས་སྐུ་ཉིད་དང་ནེའུ་ཙི་ལན་སྲིད་གཞུང་གིས་ཀྲུང་ནེའུ་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ནེའུ་ཙི་ལན་གྲོགས་པོ་བློས་ཐུབ་དང་མཉམ་ལས་རོགས་ཟླར་བརྩི་གི་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་47སོང་ཚུན་ཀྲུང་ནེའུ་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་འབྲེལ་བའི་སྔོན་དུ་བསྐྱོད་དེ“ཨང་དང་པོ”མང་པོ་གསར་གཏོད་བྱས་ཡོད། ད་ཆ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་དུས་བབ་གསར་པ་འཕྲད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་དང་གཉིས་ཁེའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཀྲུང་ནེའུ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཐོ་སར་སླེབས་ཀྱང་ད་དུང་མུ་མཐུད་མདུན་སྐྱོད་དང་གྲུབ་འབྲས་ཐོབ་ཀྱང་དེ་བས་འབད་བརྩོན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ནེའུ་འབྲེལ་བ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་དབར་གྱི་འབྲེལ་བའི་སྔོན་དུ་མུ་མཐུད་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་དུས་བབ་གསར་པར་ཕྱོགས་གཉིས་པོས་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་བསྟུན་མཁས་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ཕན་ཚུན་དབར་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱེད་དགོས། དངོས་གཉེར་མཉམ་ལས་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པའི་ཁེ་ལས་ནེའུ་ཙི་ལན་དུ་མ་འཇོག་བྱེད་པར་སྐྱོད་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང་ནེའུ་ཙི་ལན་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་། གཞུང་དྲང་། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱེད་དགོས། ཕྱོགས་གཉིས་པོས་རང་མོས་ཚོང་དོན་གྱི་ཆོད་དོན་རིམ་སྤོར་གྲོས་མོལ་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་མཐོང་ཆེན་བྱས་ཏེ་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་ནེའུ་འབྲེལ་བའི་སྤྱི་ཚོགས་རྨང་གཞི་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་པོའི་སློབ་གསོ་དང་། རིག་གནས། ཚན་རྩལ་སོགས་ཁྱབ་ཁོངས་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། 2019ལོའི“ཀྲུང་ནེའུ་ཡི་ཡུལ་སྐོར་ལོ”ཡག་པོ་གཉེར་བ། གཞོན་ནུ་ལོ་ཆུང་དབར་སྤེལ་རེས་བྱེད་པ་བཅས་བྱས་ཏེ་ཀྲུང་ནེའུ་མཛའ་གྲོགས་འབྲེལ་བ་མི་སེམས་ལ་ཟུག་པ་དང་རྒྱུན་འཛིན་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཨ་ཏེ་ཨེན་གྱིས་ནེའུ་ཙི་ལན་དུ་མེ་མདའི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཐོན་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེམས་གསོའི་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཡུན་རིང་མ་སོང་གོང་ཀྲུང་གོའི་ཅང་སུའུ་ཡི་ཤང་ཧྲུའེ་རྫས་འགྱུར་བཟོ་གྲྭའི་དོན་རྐྱེན་ཚབས་ཆེན་ནང་མི་སྣ་ཤི་རྨས་བྱུང་བར་སེམས་གསོའི་འཚམས་འདྲི་ཞུས་པ་རེད། ཨ་ཏེ་ཨེན་གྱིས་ནེའུ་ཀྲུང་མཛའ་གྲོགས་འབྲེལ་བའི་ལོ་རྒྱུས་རིང་བ་དང་།      རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཧ་ཅང་གལ་འགངས་ཆེ་བ། མཉམ་ལས་ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ནེའུ་ཙི་ལན་གྱིས་ཀྲུང་གོ་ཕྱོགས་དང་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་སྔོན་ལ་ལས་དོན་ཐེངས་མང་སྤེལ་བར་སྤོབས་པ་སྐྱེ་གི་འདུག ངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་གནང་བར་བསྔགས་བརྗོད་བྱ་རྒྱུ་མ་ཟད། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ནེའུ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་དེ་བཞིན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་འགྲོ་རྒྱུའི་རེ་བ་ཡོད། ནེའུ་ཙི་ལན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱེད་ཀྱི་ཡོད་པ་ངས་སླར་ཡང་བསྐྱར་བསྒྲགས་བྱ་རྒྱུ་ཡིན། ནེའུ་ཙི་ལན་གྱིས་རང་ཚུགས་རང་བརྟེན་གྱི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་པ་མ་ཟད། སྔ་ས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱེད་པ་དང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་ཞུགས་ཡོད། ནེའུ་ཙི་ལན་གྱིས་མཐོ་རིམ་འཐུས་མི་ཚོགས་པ་ཀྲུང་གོར་མངགས་ནས་འཚོག་ཉེར་ཡོད་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པར་ཞུགས་ཏེ་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”གཏོད་པའི་མཉམ་ལས་ཟབ་ཏུ་གཏོང་རྒྱུ་རེད། ནེའུ་ཙི་ལན་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་སོགས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་ཟབ་མོ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"