མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་ཀྲུང་གོ — ཡོ་རོབ་དབུས་མ་དང་ཤར་མའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པའི་མཇལ་འཛོམས་
ཐེངས་བརྒྱད་པར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་15ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་ཁ་རོ་ཤེ་ཡའི་གྲོང་ཁྱེར་ཏུའུ་པུའུ་ལུའོ་ཧྥུའུ་ཉི་ཁེ་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་12ཉིན་ཏུའུ་པུའུ་ལུའོ་ཧྥུའུ་ཉི་ཁེ་རུ་ཀྲུང་གོ — ཡོ་རོབ་དབུས་མ་དང་ཤར་མའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བརྒྱད་པར་ཞུགས་ཤིང་། ཡོ་རོབ་དབུས་མ་དང་ཤར་མའི་རྒྱལ་ཁབ་16གི་འགོ་ཁྲིད་པ་ཡང་ཞུགས་པ་དང་། ཁ་རོ་ཤེ་ཡའི་ཙུང་ལི་ཕུའུ་ལེན་ཁེ་ཝེ་ཆིས་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་ཀེ་རི་སེ་དེ་ཉིད་དངོས་གཞིའི་ཁོངས་མིའི་རྒྱལ་ཁབ་ཡིན་པས“16+1མཉམ་ལས”ནང་ཞུགས་རྒྱུར་དགའ་བསུ་ཞུས་པ་དང་། ཡོ་རོབ་མནའ་འབྲེལ་དང་། ཨོ་སི་ཁྲུ་རི་ཡ། བྷེ་ཨུ་རུ་སུ། སུའེ་ཙེར་དང་དེ་བཞིན་ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་བཅས་ལྟ་ཞིབ་པར་མངགས་པའི་ཚུལ་དུ་ཞུགས་པ་རེད།
     ལི་ཁེ་ཆང་གིས་ཤིས་ཚིག་གནང་སྐབས་འདས་ཟིན་པའི་ལོ་གཅིག་རིང“16+1མཉམ་ལས”ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཡག་པོ་གནང་ཞིང་། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་རིང་པའི་གོང་ཡོ་རོབ་རྒྱལ་ཁབ་གསུམ་ལ་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་གནང་ནས། ཀྲུང་ཡོའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྒུལ་ཤུཌ་གསར་པ་བསྣན་ཡོད། ཉིན་ཤས་གོང་། ཀྲུང་གོ — ཡོ་རོབ་མནའ་འབྲེལ་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་ཉེར་གཅིག་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པའི་ཐོག་ཀྲུང་ཡོ་ཕྱོགས་གཉིས་ཀྱིས་ནང་དོན་ཕུན་སུམ་ཚོགས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དང་། “16+1མཉམ་ལས”ནི་ཀྲུང་ཡོའི་འབྲེལ་བའི་གྲུབ་ཆ་ཞིག་ཡིན་པས་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་དང་ཀྲུང་ཡོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་ཅེས་གསུངས་པ་རེད།
     ལི་ཁེ་ཆང་གིས་བསྟན་དོན། “16+1མཉམ་ལས”ཐད་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་རྩ་དོན་དང་། སྒོ་དབྱེ་ཁོངས་ཡངས་ཀྱི་སྙིང་སྟོབས་མཐའ་འཁྱོངས་དང་། རྒྱལ་སྤྱིའི་ཐུན་མོང་དུ་སྤྱོད་པའི་སྒྲིག་སྲོལ་དང་ཡོ་རོབ་མནའ་འབྲེལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་། རྒྱལ་ཁབ་16ཁྲོད་ཀྱི་ཡོ་རོབ་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་ཁག་གི་སྒྲུབ་འོས་པའི་འགན་འཁྲི་དང་འོས་འགན་བརྩི་སྲུང་བཅས་བྱེད་དགོས། ང་ཚོས་ཚོང་དོན་དང་མ་འཇོག་གལ་ཆེ་མཉམ་འཛིན་བྱ་རྒྱུ་དང་། དཔལ་འབྱོར་དང་མི་ཆོས་རིག་གནས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཕན་ཚུན་དབར་གྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། ད་དུང་ཡོ་རོབ་ཀྱི་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་ཡོའི་ཕྱོགས་ཡོངས་མཉམ་ལས་ཀྱི་ཀ་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད།
     ལི་ཁེ་ཆང་གིས། ཐེངས་འདིའི་མཇལ་འཛོམས་ཐོག“སྒོ་དབྱེ་དང་། གསར་གཏོད། རོགས་ཟླ་བཅས་ཀྱི་ཟམ་པ་འཛུགས་རྒྱུ”བརྗོད་དོན་གཙོ་བོར་བཟུང་ནས། ང་ཚོས་སྒོ་དབྱེའི་ཟམ་པ་སྔར་བས་ཡངས་བ་དང་། གསར་གཏོད་ཀྱི་ཟམ་པ་སྔར་བས་ཤར་གཏོང་ཐུབ་པ། རོགས་ཟླའི་ཟམ་པ་སྔར་བས་སྲ་བརྟན་བཅས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
     མཇལ་འཛོམས་ལ་ཞུགས་པའི་ཡོ་རོབ་དབུས་མ་དང་ཤར་མའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས། “16+1མཉམ་ལས”ལམ་སྲོལ་བཙུགས་ཚུན་དུ། ཡོ་རོབ་དབུས་མ་དང་ཤར་མའི་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་བྱས་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པ་སྟེ། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་དང་། ཚོང་དོན་མ་འཇོག་མགྱོགས་མྱུར་འཕར་བ། སློབ་གསོ་དང་། ཡུལ་སྐོར། རིག་གནས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། མཉམ་ལས་ཁྱབ་རྒྱ་སྔར་བས་ཡངས་སུ་ཕྱིན་ནས། སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་ཐོན་ཏེ། སྒོ་དབྱེ་ཁོངས་ཡངས་དང་གཉིས་ཁེ་གཉིས་ཕན་གྱི་ས་ཁོངས་བརྒལ་བའི་མཉམ་ལས་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་པས། རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕར་རྒྱུ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཐེབས་པ་མ་ཟད། ད་དུང་ཡོ་ཀྲུང་གི་ཁྱོན་ཡོངས་འབྲེལ་བར་སྐུལ་འདེད་ཐེབས་ཡོད་ཅེས་བརྗོད་པ་རེད།

  
style="display:none;"