མི་དམངས་དྲ་བ།>>ཞི་ཅིན་ཕིང་།

༄༅།།ཞི་ཅིན་ཕིང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་
གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་
བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་28ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་
གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་
བཤད་ཀྱང་གནང་བ།

      “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་པའི་འབོད་སྐུལ་གནང་བ། ཀྲུང་གོས་སྒྱུར་བཅོས་སྒོ་ དབྱེའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ།
     ཟླ་4ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། འགོ་བརྗོད་དུ《གཅིག་སེམས་གཅིག་སྒྲིལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད》ཅེས་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ་རེད།
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་གི་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེཌ་སྐབས་གཉིས་པའི་འགོ་ཚུཌ་མཛད་སྒོར་ཞུགས་པ་མ་ཟད། འགོ་བརྗོད་དུ《གཅིག་སེམས་གཅིག་སྒྲིལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད》ཅེས་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་ཞིང་། ཁོང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན་ཡོད་ལ། ཀྲུང་གོའི་སྒོ་དབྱེ་དང་འཕེལ་རྒྱས་ལ་གནམ་ས་གསར་པའང་བཏོད་ཡོད། མ་འོངས་པར་ཁ་ཕྱོགས་ཚེ། ང་ཚོས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་དང་སྒོ་དབྱེ་དང་། ལྗང་མདོག སྤྱོད་གཙང་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཐོག ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་འདོགས་པ། རྒྱུན་མཐུད་ཆོག་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་ཟམ་མི་ཆད་པར་མདུན་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
      ཞི་ཅིན་ཕིང་གིས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེའི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་ནས། ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་ཁྱབ་ཁོངས་དེ་བས་ཆེ་བའི་ཐོག་ནས་ཕྱི་དངུལ་ཁྲོམ་རའི་ནང་འཇུག་འཐུས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཤུགས་ཚད་དེ་བས་ཆེ་བའི་ཐོག་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། གཞི་ཁྱོན་དེ་བས་ཆེ་བའི་ཐོག་ནས་ཚོང་ཟོག་དང་ཞབས་ཞུ་ནང་འདྲེན་བྱེད་ཚད་མཐོ་རུ་གཏོང་རྒྱུ། ཕན་ནུས་དེ་བས་ཆེ་བའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་བྱ་རྒྱུ། མཐོང་དེ་བས་ཆེན་པོ་བྱེད་པའི་ཐོག་ནས་ཕྱི་ཕྱོགས་སྒོ་དབྱེའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་བཅས་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།
      རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
     སྔ་དྲོའི་ཆུ་ཚོད་9དང་སྐར་མ་35ཡོལ་ཙམ་དུ་ཞི་ཅིན་ཕིང་དང་འགོ་ཚུགས་མཛད་སྒོར་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་རྣམས་ལྷན་དུ་ཚོགས་རར་ཕེབས་པར་ཚོགས་རའི་མི་ཚང་མས་ཡར་བཞེངས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཧན་ཀྲེང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
      སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ཞིང་། ཁོང་གིས་ལོ་གཉིས་ཀྱི་གོང་དུ་ང་ཚོས་འདི་གར་མཐོ་རིམ་གླེང་སྟེགས་སྐབས་དང་པོ་འཚོགས་ཏེ་སྲིད་ཇུས་འབྲེལ་གཏུག་དང་། སྒྲིག་བཀོད་སྦྲེལ་མཐུད། ཚོང་དོན་ཤར་བགྲོད། མ་དངུལ་རྒྱུན་འཁོར། དམངས་སེམས་སྦྲེལ་མཐུད་བཅས་ཀྱི་མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཀོད་ཡོད། དེ་རིང་འཛམ་གླིང་ས་གནས་ཁག་ནས་ཕེབས་པའི་གྲོགས་པོ་ལྷན་རྒྱས་སླར་ཡང་འདིར་འཛོམས་ཡོད། ངས་ཚང་མ་དང་ལྷན་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་མཉམ་སྦྲེལ་མཉམ་མཐུད་ལ་དམིགས་པ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་མིའི་རིགས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཡོང་བ་བྱ་ཆེད་ཡིན། ཕྱོགས་ཁག་གི་ཐུན་མོང་གི་འབད་བརྩོན་འོག མཐོ་རིམ་གླེང་སྟེགས་སྐབས་དང་པོའི་གྲུབ་འབྲས་ཁག་བདེ་བླག་ངང་དོན་འཁྱོལ་བྱུང་བ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་150ལྷག་ཙམ་གྱིས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུའི་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོ་ནས་ཨ་ཧྥེ་རི་ཁ་གླིང་དང་། ཨ་མེ་རི་ཁ་གླིང་། རྒྱ་མཚོ་ཆེ་མོ་གླིང་བཅས་བར་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་བར་མཐོངས་གསར་པ་བཏོད་པ་དང་། རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་ལ་ལས་སྟེགས་གསར་པ་བསྐྲུན་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་རྒྱུར་ལག་ལེན་གསར་པ་བྱེད་རྒྱ་ཆེ་རུ་བཏང་བ། རྒྱལ་ཁབ་ཁག་གི་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུར་ལེགས་སྐྱེས་གསར་པ་ཕུལ་ནས་ཐུན་མོང་གི་གོ་སྐབས་ཀྱི་ལམ་བུ་དང་དར་རྒྱས་ཀྱི་ལམ་བུར་གྱུར་ཡོད་ཅེས་ནན་བཤད་གནང་བ་རེད།
      ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནི་དཔལ་འབྱོར་གོ་ལ་ཅན་གྱི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གསར་བསྒྱུར་བྱེད་པའི་དུས་རབས་ཀྱི་དགོས་མཁོ་དང་བསྟུན་པ། རྒྱལ་ཁབ་ཁག་གི་མི་དམངས་རྣམས་འཚོ་བ་དེ་བས་ལེགས་པ་སྐྱེལ་རྒྱུ་ཡོང་བའི་འདུན་པ་དྲག་པོ་དང་བསྟུན་པ་བཅས་རེད། མ་འོངས་པར་ཁ་ཕྱོགས་ཚེ། ང་ཚོས་གཙོ་གནད་ལ་གཞིགས་པ་དང་། ཟབ་རྨོ་ཞིབ་ལས་བྱས་ཐོག ཐུན་མོང་ཐོག་མཛེས་ལེགས་ཞིབ་གསུམ་གྱི་ཞིབ་བྲིས་རི་མོ་བྲིས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་མདུན་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་དགོས་ཤིང་། ཕྱོགས་གཉིས་མཉམ་ལས་དང་། ཕྱོགས་གསུམ་མཉམ་ལས། ཕྱོགས་མང་མཉམ་ལས་སོགས་རྣམ་པ་སྣ་ཚོགས་བརྒྱུད། བྱེ་མ་སྤུངས་པས་མཆོད་རྟེན་དང་ཆུ་ཐིགས་བསགས་པས་རྒྱ་མཚོ་ལྟ་བུར་གྱུར་པ་བྱེད་དགོས། ང་ཚོས་སྒོ་དབྱེ་དང་། ལྗང་མདོག སྤྱོད་གཙང་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། སྒོ་བཀག་གཞན་འབུད་ཀྱི་འཁོར་རྒྱ་ཆུང་ཆུང་མི་བྱེད་པ། ལྗང་མདོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ལྗང་མདོག་གི་མ་འཇོག ལྗང་མདོག་གི་དངུལ་རྩ་བཅས་ལ་སྐུལ་འདེད་གཏོང་བ། མཉམ་ལས་མཐའ་དག་ཕྱི་གསལ་ནང་གསལ་གྱིས་བྱེད་པ་བཅས་བྱ་དགོས། ང་ཚོས་ཀྱང་ཕྱོགས་ཁག་དང་མཉམ་དུ་སྤྱོད་གཙང་གཞུང་དྲང་གི་དར་གོས་ལམ་བུ་བསྐྲུན་འདོད་ཡོད། 
      ང་ཚོས་ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་འདོཌ་པ། རྒྱུན་མཐུད་ཆོག་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པ་དང་། ཕྱོགས་ཁག་གི་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་པའི་སྒྲིལ་སྲོལ་དང་ཚད་གཞི་ནང་འདྲེན་བྱེད་པ། རྒྱལ་ཁབ་ཁག་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། དབུལ་ཕོངས་སེལ་རྒྱུ་དང་། ལས་ཞུགས་མང་དུ་གཏོང་རྒྱུ། དམངས་འཚོ་ལེགས་སུ་གཏོང་རྒྱུ་བཅས་ལ་གཞིགས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པ་བྱེད་པ་དང་ཆབས་ཅིག ཚོང་ལས་དང་ནོར་སྲིད་ཐོག་གི་རྒྱུན་མཐུད་རང་བཞིན་ཡང་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འགག་རྩ་དེ་མཉམ་སྦྲེལ་མཉམ་མཐུད་བྱ་རྒྱུར་ཐུག་ཡོད། ང་ཚོས་གོ་ལ་ཧྲིལ་པོའི་མཉམ་སྦྲེལ་མཉམ་མཐུད་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ནས། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་ངེས་རེད། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ནས། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཟམ་པ་གསར་པ་སོགས་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་དང་སྐམ་མཚོའི་བགྲོད་ལམ་གསར་པ་སོགས་བགྲོད་ལམ་ཆེན་པོ་དང་ཆ་འཕྲིན་མྱུར་བགྲོད་གཞུང་ལམ་གྱིས་སྒྲོམ་གཞི་བྱེད་པ། ལྕགས་ལམ་དང་། གྲུ་ཁ། མདོང་ལམ་དྲ་བ་སོགས་ཀྱིས་གཞི་རྟེན་བྱེད་པའི་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་བ་བསྐྲུན་རྒྱུ་ཡིན་པ་དང་། ང་ཚོས་ཕྱོགས་མང་དང་རྒྱལ་ཁབ་ཁག་གི་དངུལ་རྩའི་སྒྲིག་གཞི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མ་དངུལ་བསྡུ་སྒྲིལ་དང་མ་འཇོག་ནང་ཞུགས་ཏེ། ཕྱོགས་མང་ཞུགས་པ་བརྒྱུད། ཀུན་ལ་ཕན་པའི་དམིགས་ཚད་སྒྲུབ་པར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། 
     ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད། ལོ་70རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོའི་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ཏེ། ལག་ལེན་ཁྲོད་མདུན་སྐྱོད་ཀྱི་ཁ་ཕྱོགས་ཟམ་མི་ཆད་པར་འཚོལ་ཞིབ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་བཏོད་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ང་ཚོས་མུ་མཐུད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་བརྒྱུད་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ཡིན། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། ཕྱི་ཕྱོགས་སྒོ་དབྱེ་སྔར་བས་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
      ཞི་ཅིན་ཕིང་གིས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེའི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་དེ། ལམ་ལུགས་རང་བཞིན་དང་གྲུབ་ཆའི་རང་བཞིན་གྱི་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།
     དང་པོ། ཁྱབ་ཁོངས་དེ་བས་ཆེ་བའི་ཐོག་ནས་ཕྱི་དངུལ་ཁྲོམ་རའི་ནང་འཇུག་འཐུས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་གོས་ཁྲོམ་རར་མ་ཞུགས་གོང་གི་རྒྱལ་དམངས་ཐོབ་ཐང་ལ་བཀག་རྒྱའི་གསལ་ཐོའི་དོ་དམ་བྱས་ཟིན་པ་དང་། མུ་མཐུད་ནས་བཀག་རྒྱའི་གསལ་ཐོ་གཞི་ཁྱོན་ཆེན་པོའི་ངང་ཉུང་དུ་གཏོང་བ་དང་། དེང་རབས་ཞབས་ཞུའི་ལས་རིགས་དང་། བཟོ་སྐྲུན་ལས་རིགས། ཞིང་ལས་བཅས་ཁྱོན་ཡོངས་ནས་ཕྱི་ཕྱོགས་སྒོ་དབྱེ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད། སྔར་བས་མང་བའི་ཁྱབ་ཁོངས་སུ་ཕྱི་རྒྱལ་གྱི་མ་རྩའི་མ་རྐང་ཚོད་འཛིན་ནམ་ཡང་ན་མ་རྩར་ཁེར་འཇོག་གི་ཚོང་གཉེར་བྱེད་ཆོག ང་ཚོས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་ཁག་གཅིག་གསར་དུ་བཀོད་སྒྲིག་བྱས་ཏེ། རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་གྱི་འཚོལ་ཞིབ་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན། ང་ཚོས་ལེ་ལག་ཚང་བའི་ཁྲིམས་སྲོལ་གང་མགྱོགས་བཟོས་ནས། 《ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས》ལག་བསྟར་ནན་པོ་བྱ་རྒྱུ་ཡིན། ང་ཚོས་ད་དུང་དྲང་བདེན་གྱིས་འགྲན་རྩོད་བྱ་རྒྱུ་དང་། སྒོ་དབྱེ་དང་མཉམ་ལས་ཀྱིས་རྒྱལ་ནང་གི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། རྗེས་ལུས་དང་ཐོན་ནུས་ལྷག་མ་ནུས་ལྡན་ངང་འདོར་འབུད་ཀྱིས་མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ཡིན།
     གཉིས་པ། ཤུགས་ཚད་དེ་བས་ཆེ་བའི་ཐོག་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཀྲུང་གོས་ཤེས་བྱའི་རིན་ཐང་ལ་བརྩི་བཀུར་བྱེད་པའི་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་གི་བཅའ་ཁྲིམས་མ་ལག་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཕྱི་རྒྱལ་གྱི་ཤེས་བྱའི་བདག་དབང་གི་བདག་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། བཙན་ཐབས་རང་བཞིན་གྱི་ལག་རྩལ་ནང་བཤུག་གཏན་འགོག་བྱ་རྒྱུ། ཚོང་ལས་ཀྱི་གསང་བ་སྲུང་སྟངས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཤེས་བྱའི་བདག་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷན་དུ་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གསར་གཏོད་ཀྱི་སྣོད་བཅུད་ཁོར་ཡུག་ཡག་པོ་ཞིག་བཏོད་ནས་རྒྱལ་ཁབ་ཁག་དང་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་གྱི་རྨང་གཞིའི་ཐོག་ལག་རྩལ་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད།
     གསུམ་པ། གཞི་ཁྱོན་དེ་བས་ཆེ་བའི་ཐོག་ནས་ཚོང་ཟོག་དང་ཞབས་ཞུ་ནང་འདྲེན་བྱེད་ཚད་མང་དུ་གཏོང་རྒྱུ་ཡིན། ང་ཚོས་སྒོ་ཁྲལ་གྱི་ཆུ་ཚད་སྔར་བས་དམའ་རུ་གཏོང་རྒྱུ་དང་རིགས་ཁག་གི་སྒོ་ཁྲལ་མིན་པའི་བཙན་འགག་མེད་པར་བཟོས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གི་སྤུས་ཚད་མཐོ་བའི་ཐོན་རྫས་ལ་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་ཕྱི་རྒྱལ་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་དང་། ཐོན་རྫས་གྲུབ་མ། ཞབས་ཞུ་བཅས་དེ་བས་མང་བ་ནང་འདྲེན་བྱས་ཏེ། ཚོང་དོན་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།
      བཞི་པ། ཕན་ནུས་དེ་བས་ཆེ་བའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་བྱ་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཁག་དང་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ཐུན་མོང་ཐོག་འཛམ་གླིང་དཔལ་འབྱོར་ཤུགས་ཚད་ཆེ་བ་དང་། རྒྱུན་མཐུད་ཆོག་པ། དོ་སྙོམས། ཁོང་ཡངས་བཅས་ཀྱི་ཐོག་ནས་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ། ཀྲུང་གོས་རང་ཉེས་གཞན་འགེལ་གྱིས་འཛའ་ཐང་ཆག་ཏུ་འཇུག་མི་སྲིད་པར། མི་དམངས་ཤོག་སྒོར་གྱི་འཛའ་ཐང་གྲུབ་པའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། ཐོན་ཁུངས་སྒྲིག་བཀོད་ནང་གི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་ཐུབ་པ་དང་། མི་དམངས་ཤོག་སྒོར་གྱི་འཛའ་ཐང་དེ་ལུགས་མཐུན་དོ་སྙོམས་ཀྱི་ཆུ་ཚད་ཐོག་ཏུ་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ནང་ཧུར་ཐག་ཞུགས་པ་དང་དེར་རྒྱབ་སྐྱོར་བྱས་ནས། ཐུན་མོང་ཐོག་ཆུ་ཚད་དེ་བས་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་མཉམ་དུ་བསྐྲུན་རྒྱུ་ཡིན།
     ལྔ་པ། ཕྱི་ཕྱོགས་སྒོ་དབྱེའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ལ་མཐོང་དེ་བས་ཆེན་པོ་བྱ་རྒྱུ་ཡིན། ང་ཚོས་རྒྱལ་ཁབ་ཁག་དབར་བཞག་པའི་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་གྲོས་ཆོད་ལག་ལེན་བསྟར་བར་ཚད་མཐོའི་མཐོང་ཆེན་བྱ་རྒྱུ་དང་། ཁྲིམས་སྐྱོང་སྲིད་གཞུང་དང་ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཅུན་འདོམས་ཡོད་པའི་རྒྱལ་སྤྱིའི་གྲོས་ཆོད་ཀྱི་ཁ་ཆད་ལག་བསྟར་སྒྲིག་གཞི་འཛུགས་རྒྱུ། སྒོ་དབྱེ་རྒྱ་བསྐྱེད་དུ་གཏོང་བའི་དགོས་མཁོར་གཞིགས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྲིད་འཛིན་ཆོག་འཐུས་དང་ཁྲོམ་རའི་ལྟ་འདོམས་སོགས་ཐད་ཀྱི་རིམ་ཁག་སྲིད་གཞུང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ། འདྲ་མཉམ་གྱི་འགྲན་རྩོད་ལ་འགལ་རྐྱེན་བཟོ་བ་དང་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ལུགས་དང་མ་མཐུན་པའི་གཏན་འབེབས་དང་། ཁ་གསབ་རོགས་དངུལ། བྱེད་སྟངས་བཅས་གཙང་སེལ་བྱ་རྒྱུ། ཁེ་ལས་དང་ཚོང་གཉེར་བྱེད་མཁན་ཡོད་ཚད་ལ་གཞུང་དྲང་གི་ལྟ་སྟངས་འཛིན་རྒྱུ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། སྟབས་བདེ་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་རེད།
       ཞི་ཅིན་ཕིང་གིས་ཀྲུང་གོས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་བྱ་ཐབས་ནི་ཀྲུང་གོའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་གཞིར་བཟུང་རང་བརྟེན་གདམ་ག་བྱས་པ་ཞིག་རེད། དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་མི་དམངས་ཀྱི་རེ་འདོད་བསྐང་རྒྱུ། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་བར་ཕན་ཐོགས་ཡོད། ང་ཚོས་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་གིས་མ་འཇོག་གི་ཁོར་ཡུག་ཡག་པོ་བཏོད་དེ་ཀྲུང་གོའི་ཁེ་ལས་དང་། ཕྱི་སྦྱོང་སློབ་མ། མཁས་དབང་བཅས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་ནས་ཁོང་ཚོས་རྒྱུན་གཏན་གྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བྱེད་སྒོ་སྤེལ་ཆེད་གཞུང་དྲང་མཛའ་མཐུན་གྱི་ཁོར་ཡུག་ཅིག་གཏོད་རྒྱུའི་རེ་བ་ཡོད། དེ་བས་སྒོ་དབྱེའི་ཀྲུང་གོ་དང་འཛམ་གླིང་དབར་སྤེལ་རེས་བཟང་པོ་ཐུབ་ནས། ཡར་རྒྱས་དང་དར་རྒྱས་ཀྱིས་ཕྱུག་པའི་ཀྲུང་གོ་དང་འཛམ་གླིང་ཞིག་སྐྲུན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་ལག་གདང་སྦྲེལ་ནས་མཉམ་ལས་ཀྱི་ས་བོན་བཏབ་སྟེ། ཐུན་མོང་ལ་དབང་བའི་འབྲས་བཟང་བསྡུས་ནས་རྒྱལ་ཁབ་ཁག་གི་མི་དམངས་དེ་བས་བདེ་ཞིང་སྐྱིད་པ་དང་འཛམ་གླིང་དེ་བས་མཛེས་སྡུག་ལྡན་པར་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་དང་པོ་ན་ཀྲ་པ་དབྱི་ཧྥུའུ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཆི་ལིའི་ཙུང་ཐུང་ཕི་ཉེ་ལ། མ་ལེ་ཞི་ཡའི་ཙུང་ལི་མ་ཧ་ཏིར། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུ་ལན་ཧན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་བཅས་ཀྱིས་ཀྱང་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ་རེད། 
     “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ནི“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་གི་ཚད་གཞི་མཐོ་ཤོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ཤིག་རེད། སྐབས་འདིའི་མཐོ་རིམ་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཅེས་པ་དེ་ཡིན་ཞིང་། དེ་འགོ་ཚུགས་མཛད་སྒོ་དང་། འགོ་ཁྲིད་མི་སྣའི་གྲལ་སྒོར་དབུ་ཚོགས། མཐོ་རིམ་གྲོས་ཚོགས། ཆེད་དོན་ཡན་ལག་གླེང་སྟེགས། ཁེ་ལས་མཁས་ཅན་གྱི་ཚོགས་ཆེན་སོགས་བྱེད་སྒོ་རབ་དང་རིམ་པ་ལས་གྲུབ་ཡོད། རྒྱལ་ཁབ་150ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་90ལྷག་ཙམ་ནས་ཕེབས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་ལྔ་སྟོང་ཙམ་སྐབས་འདིའི་མཐོ་རིམ་གླེང་སྟེགས་ལ་ཞུགས་ཡོད་པ་རེད།

  
style="display:none;"