མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ལས་ཐོག་དང་པོ་ནཱ་ཀྲར་པ་དབྱི་ཧྥུའུ་དང་
མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་30ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧ་སག་སི་ཐན་གྱི་ཙུང་ཐུང་ལས་ཐོག་དང་པོ་ནཱ་ཀྲར་པ་དབྱི་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྐུ་ཞབས་ནཱ་ཀྲར་པ་དབྱི་ཧྥུའུ་ནི་ཧ་སག་སི་ཐན་རྒྱལ་ཁབ་འཛུགས་མཁན་གྱི་གཙོ་བདག་དང་མི་རིགས་ཀྱི་གཙོ་འཛིན་ཡིན་ཞིང་། ཧ་སག་སི་ཐན་རྒྱལ་ཁབ་རང་ཚུགས་དང་འཕེལ་རྒྱས་འགྲོ་རྒྱུར་བསུབ་ཐབས་མེད་པའི་མཛད་རྗེས་བཞག་ཡོད་ལ། ཧ་སག་སི་ཐན་གྱི་མི་རིགས་ལ་བྱས་རྗེས་བཞག་པ་དང་། གཞུང་ལུགས་ཀྱི་རྨང་གཞི་བཏིང་བ། ཀུན་སྤྱོད་དར་སྤེལ་བཏང་བ་བཅས་དང་། ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་འགྲོ་རྒྱུར་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཀྱང་ཕུལ་ཡོད་པས། ང་ཚོས་དེར་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད། ཀྲུང་ཧའི་དབར་འབྲེལ་བ་བཙུགས་ནས་ལོ་27འདས་ཤིང་། དེ་ལས་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཡོད་ལ་གསོན་ཤུགས་ཆེན་པོ་ཡོད་པའང་མཚོན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་གྱི་རང་ཚུགས་དང་། བདག་དབང་། ས་ཁོངས་ཆ་ཚང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས་བཅས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྔོན་སྐྱོད་པ་ཞིག་ཡིན། ཕྱོགས་གཉིས་པོས་མུ་མཐུད་འབད་པ་ཆེར་སྐྱེད་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཟབ་ཏུ་བཏང་ནས། དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་དང“འོད་ཟེར་ལྡན་པའི་ལམ་བུའི”དཔལ་འབྱོར་གྱི་སྲིད་ཇུས་གསར་པ་སྦྲེལ་མཐུད་མཉམ་ལས་ཀྱི་འཆར་འགོད་དོན་ཐོག་ཏུ་ཡག་པོ་འཁྱོལ་བ་བྱེད་དགོས། ཚོང་དོན་མ་འཇོག་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་ནས་མཉམ་སྦྲེལ་མཉམ་མཐུད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་དང་། ས་ཁུལ་དབར་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་ལས་ཀྱི་འབྲེལ་བ་ཟབ་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། ངས་ཙུང་ཐུང་ཐོའོ་ཁ་དབྱི་ཧྥུའུ་དང་ལས་ཀའི་འབྲེལ་བ་དང་མཛའ་གྲོགས་ཟབ་མོ་བཙུགས་ཏེ། ཀྲུང་ཧའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
     ནཱ་ཀྲར་པ་དབྱི་ཧྥུས། ད་རེས་ནི་ང་དང་ངའི་གྲོགས་པོ་ཡག་པོ་དང་གྲོགས་པོ་རྙིང་པ་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་ཐེངས་19པ་དེ་ཡིན། བརྩེ་སེམས་ཟབ་པའི་མཛའ་གྲོགས་དེར་ངས་ནམ་ཡང་གཅེས་འཛིན་བྱ་རྒྱུ་ཡིན། རླབས་ཆེན་གྱི་ཀྲུང་གོ་ནི་ཧ་སག་སི་ཐན་གྱི་ཚད་མཐོའི་ཡིད་ཆེས་བྱེད་སའི་རོགས་ཟླ་ཡག་པོ་ཞིག་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འཛམ་གླིང་ཐོག་དུས་ཡུན་ཐུང་ངུ་དེ་འདྲ་ཞིག་གི་ནང་གྲུབ་འབྲས་ཆེན་པོ་དེ་འདྲ་ཐོབ་པའི་རྒྱལ་ཁབ་གཅིག་ཀྱང་བྱུང་མེད། ཀྲུང་གོའི་འཕེལ་རྒྱས་དང་ཀྲུང་གོའི་འགན་འཁྲི་འཁུར་སེམས་དེ་འཛམ་གླིང་དང་མིའི་རིགས་ཡོངས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད། ང་ལས་གནས་ནས་ཕྱིར་འཐེན་བྱས་རྗེས་ཧ་སག་སི་ཐན་གྱི་ཕྱི་ནང་སྲིད་ཇུས་རྒྱུན་མཐུད་བརྟན་པོ་ཡོང་རྒྱུ་རེད། ཧ་སག་སི་ཐན་ཕྱོགས་ཀྱིས་ཧ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་མུ་མཐུད་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གཞོལ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་བདེ་བླག་ངང་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"