མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་ཚོགས་
འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་30ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་ཚོགས་
འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

      པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ། ཕྱོགས་ཁག་གིས་མཛེས་སྡུག་ལྡན་པའི་སའི་གོ་ལའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས་པའི་ནན་བཤད་གནང་བ།
     ཞི་ཅིན་ཕིང་2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་ཚོགས་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་བར་གཞིགས་ན། ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ཡན་ཆིང་དུ་2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་ཚོགས་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། འགོ་བརྗོད་དུ《ལྗང་མདོག་འཚོ་བ་མཉམ་དུ་ཇུས་འགོད་བྱེད། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། རང་བྱུང་ལ་བསྟུན་པ་དང་སྣོད་བཅུད་སྲུང་སྐྱོང་གི་ལྗང་མདོག་འཕེལ་རྒྱས་ནི་འབྱུང་འགྱུར་གྱི་འཕེལ་ཕྱོགས་ཤིག་རེད། སའི་གོ་ལ་ནི་མིའི་རིགས་ཚང་མ་འཚོ་གནས་བྱེད་པའི་ཁྱིམ་གཞིས་འབའ་ཞིག་རེད། ཀྲུང་གོས་རྒྱལ་ཁབ་ཁག་དང་ལྷན་དུ་མཛེས་སྡུག་ལྡན་པའི་སའི་གོ་ལའི་ཁྱིམ་གཞིས་མཉམ་དུ་སྐྲུན་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
     དགོང་མོའི་ཆུ་ཚོད་བརྒྱད་པ་ཙམ་ལ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པར་ཞུགས་མ་ཐག་པའི་་འི་ཙུང་ཐུང་ཙེ་མན་དང་།  ཅི་པུ་ཐིའི་ཙུང་ཐུང་ཀའེ་ལའེ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁོ་ཧྥུ། ནེ་པ་ལའི་ཙུང་ཐུང་པན་ཏ་ལི། ཐ་ཇིས་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན། འབར་མའི་རྒྱལ་དོན་སྲིད་སྐྱོང་བ་ཨང་ཧྲན་སུའུ་ཅི། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན། སིང་ཀ་ཕོར་གྱི་ཙུང་ལི་ལི་ཤན་ལུང་། རི་པིན་གྱི་དབུ་བཞུགས་བློན་ཆེན་གྱི་དམིགས་བསལ་སྐུ་ཚབ་ཨེར་ཅེ་ཅུན་པོ་སོགས་ཕྱི་ཕྱོགས་ཀྱི་འགོ་ཁྲིད་པ་སྟངས་དཔྱལ་དང་ལྷན་དུ་ཚོགས་རར་ཕེབས་པ་རེད།
     མཛད་སྒོ་འཚོག་སར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ནས་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་པ་དང་། རྔམ་བརྗིད་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་རྒྱལ་སྤྱིའི་འགྲེམས་སྟོན་ཅུས་ཀྱི་ཅུས་དར་དང་། རྒྱལ་སྤྱིའི་སྐྱེད་ཚལ་གྱི་སྒྱུ་རྩལ་ཐོན་སྐྱེད་པའི་མཐུན་ཚོགས་ཀྱི་ཚོགས་དར། པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་ཚོགས་ཀྱི་ཚོགས་དར་བཅས་གཅིག་རྗེས་གཉིས་མཐུད་ངང་བསྒྲེངས་པ་རེད།
      སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།      ཞི་ཅིན་ཕིང་གིས་མཛེས་སྡུག་ལྡན་པའི་ཀྲུང་ཧྭའི་ས་གཞི་ཆེ་མོ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་ཁྱིམ་གཞིས་རེད། དེས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་ཙམ་གྱི་འོད་སྟོང་འཕྲོ་བའི་ཤེས་དཔལ་སྐྱེད་སྲིང་དང་། ཀྲུང་ཧྭ་མི་རིགས་རང་བྱུང་དང་མཉམ་གནས་ཡོང་བའི་བླ་ན་མེད་པའི་རེ་འདོད་ཀྱང་བཏོད་ཡོད། ད་ཆ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཀྲུང་གོའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་བཀོད་ཇུས་ནང་བཅུག་ཡོད་པས། མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུ་དེ་ནི་ཀྲུང་གོའི་མི་དམངས་ཀྱི་བློ་ཁ་ཕྱོགས་པའི་འབད་འཐབ་དམིགས་ཚད་དུ་གྱུར་ཡོད། ཀྲུང་གོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་སུ་སླེབས་ནས། ནམ་མཁའ་དེ་བས་གཡའ་དག་པ་དང་། རི་བོ་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་བའི་ཡུལ་ལྗོངས་ཤིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་རིམ་གྱིས་མངོན་བཞིན་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཕྱོགས་བསྡུས་ལྟ་ཞིབ་བྱེད་སྐབས། སྣོད་བཅུད་དར་ན་ཤེས་དཔལ་དར་བ་དང་སྣོད་བཅུད་ཉམས་ན་ཤེས་དཔལ་ཉམས་སྲིད། འཕྲལ་གྱི་ཁེ་ཕན་ལ་རྔམས་ན་གཏན་གྱི་ཁེ་ཕན་བརླག་པ་དང་ཉ་ལ་རྔམ་ནས་རྫིང་ཆུ་གློད་པའི་མིག་རྒྱང་ཐུང་བའི་འཕེལ་རྒྱས་གཏོང་སྟངས་མཚམས་འཇོག་དགོས། རང་བྱུང་ལ་བསྟུན་པ་དང་སྣོད་བཅུད་སྲུང་སྐྱོང་གི་ལྗང་མདོག་འཕེལ་རྒྱས་ནི་འབྱུང་འགྱུར་གྱི་འཕེལ་ཕྱོགས་ཤིག་རེད། སའི་གོ་ལ་ནི་མིའི་རིགས་ཡོངས་འཚོ་གནས་བྱེད་པའི་ཁྱིམ་གཞིས་འབའ་ཞིག་དེ་རེད། ང་ཚོས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས། སྣོད་བཅུད་ཤེས་དཔལ་གྱི་རྨང་གཞི་བརྟན་དུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་མཉམ་དུ་སྐྱོད་དགོས་པའི་ནན་བཤད་གནང་བ་སྟེ།
     གཅིག ང་ཚོས་མི་དང་རང་བྱུང་ཁམས་ཞི་མཐུན་ཡོང་བར་འབད་དགོས། ཁུངས་ལུང་མེད་པར་གསར་སྤེལ་དང་གཏོར་ཕམ་བཏང་ཚེ་མིའི་རིགས་ལ་རང་བྱུང་ཁམས་ཆེན་པོས་འཁོན་ལན་སློག་སྲིད། ལུགས་མཐུན་བེད་སྤྱོད་དང་མཛའ་གྲོགས་སྲུང་སྐྱོང་བྱས་ཚེ་མིའི་རིགས་ལ་རང་བྱུང་ཁམས་ཆེན་པོས་དྲིན་ལན་འཇལ་སྲིད། ང་ཚོས་སའི་གོ་ལའི་སྣོད་བཅུད་ཧྲིལ་པོ་དོ་སྙོམས་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཚེ་ཕ་ཚ་བུ་རྒྱུད་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་དངོས་པོའི་རྒྱུ་ནོར་ལོངས་སྤྱོད་ཐུབ་ལ། དགུང་སྔོན་གྱི་སྐར་ཚོགས་ལ་ལྟ་ཐུབ་པ་དང་། རི་ཀླུང་སྔོན་པོར་ལྟ་ཐུབ་པ། མེ་ཏོག་གི་དྲི་ཞིམ་ཡང་སྣོམ་ཐུབ།
     གཉིས། ང་ཚོས་ལྗང་མདོག་དར་རྒྱས་གོང་འཕེལ་ཡོང་བར་འབད་དགོས། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་བཏང་བ་ནི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་བཏང་བ་ཞིག་ཡིན། སྣོད་བཅུད་བཟང་པོས་ཕྱོགས་བསྡུས་ཀྱི་ཕན་འབྲས་རྫོགས་མཐའ་མེད་པ་བཏོད་དེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་ཐུབ།
     གསུམ། ང་ཚོས་རང་བྱུང་ཁམས་ལ་དགའ་ཞེན་གྱི་བསམ་པ་འཇགས་རྒྱུར་འབད་དགོས། ང་ཚོས་སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས་ཡ་རབས་སྐྱོན་བྲལ་གྱི་འཚོ་བའི་དར་སྲོལ་ཞིག་ཆགས་པར་བྱེད་དགོས། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་སྣོད་བཅུད་འདུ་ཤེས་དར་སྤེལ་བཏང་སྟེ་སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པའི་ཁོར་ཡུག་བཅོས་སྐྱོང་གི་མ་ལག་ཅིག་གཏོད་དགོས། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་ལ་གཅེས་སྐྱོང་གི་ལྗང་མདོག་རིན་ཐང་ལྟ་བ་དར་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ཞིག་ཆགས་པར་བྱེད་དགོས།
     བཞི། ང་ཚོས་ཚན་རིག་དང་མཐུན་པའི་བཅོས་སྐྱོང་སྙིང་སྟོབས་དོན་གཉེར་བྱེད་དགོས། སྣོད་བཅུད་བཅོས་སྐྱོང་བྱེད་སྐབས་ངེས་པར་དུ་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད། ཡུལ་བབ་དང་བསྟུན་པ། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བཅས་བྱས་ནས་ཕྱོགས་མང་མཉམ་གནས་ཀྱི་སྣོད་བཅུད་མ་ལག་ཅིག་གཏོད་དགོས། སྣོད་བཅུད་བཅོས་སྐྱོང་གི་འགྲོ་ལམ་ཀྱག་ཀྱོག་དང་ལམ་ཐག་རིང་ཡང་སྙིང་རུས་གཏན་འཁྱོངས་བྱས་ཚེ་མཇུག་མཐར་སླེབས་ཐུབ། ང་ཚོར་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་དགོས་ལ། རྒྱུན་སྲིང་ལྷོད་མེད་ངང་བརྟན་སྲུང་བྱེད་པའི་སྙིང་སྟོབས་དེ་བས་དགོས།           ལྔ། ང་ཚོས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཁ་གཏད་འཇལ་རྒྱུར་འབད་དགོས། སྣོད་བཅུད་འགྲན་སློང་ལ་ཕྱོགས་སྐབས་མིའི་རིགས་ནི་གཅིག་དར་ཀུན་དར་དང་གཅིག་ཉམས་ཀུན་ཉམས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན། ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཚེ་ང་ཚོས་གཞི་ནས་གནམ་གཤིས་ཀྱི་འགྱུར་ལྡོག་དང་། རྒྱ་མཚོའི་སྦགས་བཙོག སྣོད་བཅུད་སྲུང་སྐྱོང་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཁོར་ཡུག་གི་གནད་དོན་ལ་ཁ་གཏད་ནུས་ལྡན་འཇལ་ཐུབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་ཤེས་དཔལ་གྱི་ལམ་བུར་བརྟན་པོའི་ངང་སྐྱོད་ཐུབ།
     ཞི་ཅིན་ཕིང་གིས། ཚེས་27ཉིན“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་བདེ་བླག་ངང་མཇུག་འགྲིལ་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྒོ་དབྱེའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས་ལ། ངེས་པར་དུ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཀྱང་ཡིན་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མཛེས་སྡུག་ལྡན་པའི་སའི་གོ་ལའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་འདོད་ཡོད། སྣོད་བཅུད་ཤེས་དཔལ་དེང་འདིར་འཛུགས་སྐྱོང་དང་ཕན་འབྲས་བསྐལ་བརྒྱར་ཐོན་པར་བྱེད་དགོས། ང་ཚོས་རང་ཉིད་ནས་འགོ་འཛུགས་པ་དང་ད་ལྟ་ནས་འགོ་བཙུགས་ཏེ་རྒྱུག་མཐུད་དབྱུག་པ་རེ་རེ་བརྒྱུད་སྤྲོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་2019ལོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
      དེ་རྗེས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་རྒྱལ་ཁབ་ཁག་གི་སྐུ་མགྲོན་དང་ལྷན་དུ“མཛེས་སྡུག་ལྡན་པའི་ཁྱིམ་གཞིས”བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་མཚན་ཚོགས་ལ་གཟིགས་པ་རེད།
2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་ཚོགས་2019ལོའི་ཟླ་4ཚེས་29ཉིན་ནས་ཟླ་10ཚེས་7ཉིན་བར་པེ་ཅིང་ཡན་ཆིང་དུ་འཚོག་རྒྱུ་དང་། དེའི་བརྗོད་དོན་གཙོ་བོ་ནི“ལྗང་མདོག་གི་འཚོ་བ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས”ཞེས་པ་དེ་རེད། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་110ཙམ་འགྲེམས་སྟོན་ལ་ཞུགས་ཡོད།

  
style="display:none;"