མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ཆེད་དོན་
འགྲེམས་སྟོན་ལ་གཟིགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་08ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།དབང་དབྱང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ཆེད་དོན་
འགྲེམས་སྟོན་ལ་གཟིགས་པ།

      ཟླ་5ཚེས་5ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་པེ་ཅིང་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་ཀྱི་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན”ལ་གཟིགས་བཞིན་པ།
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་པེ་ཅིང་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་ཀྱི་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན”ལ་གཟིགས་པ་རེད།
      དབང་དབྱང་གིས་ལོ་60ཡི་གོང་བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ཡོད། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་རླབས་ཆེ་ཤོས་དང་། གཏིང་ཟབ་ཤོས། ཡར་ཐོན་གྱི་དོན་སྙིང་ཆེ་ཤོས་བཅས་ལྡན་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་རེད། ལོ་60ཡི་རིང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བོད་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཤུགས་ཆེན་ཐོབ་པ་དང་། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ནུས་ལྡན་དང་དར་སྤེལ་ཐུབ་པ། ཆོས་དད་རང་མོས་ལ་འགན་ལེན་གང་ལེགས་བྱུང་ཡོད། དམངས་གཙོའི་བཅོས་སྒྱུར་མེད་ན་བོད་ཀྱི་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་མི་སྲིད་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཡང་ཡོང་མི་སྲིད་པ་ལོ་རྒྱུས་ཀྱིས་རྩོད་ཐབས་བྲལ་བའི་སྒོ་ནས་ར་སྤྲོད་བྱས་ཡོད་ཅེས་གསུངས་པ་རེད།
      དབང་དབྱང་གིས་བོད་ཀྱི་དེང་གི་རྣམ་པ་བཟང་པོ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་བོད་ཀྱི་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་ནས་གངས་ལྗོངས་ས་མཐོ་སྔར་བས་དུས་བདེ་འཆམ་མཐུན་དང་མི་རིགས་ཁག་གི་མི་དམངས་སྔར་བས་བདེ་སྐྱིད་ཁམས་བཟང་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
      ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་སོགས་ཀྱིས་ལྷན་དུ་འགྲེམས་སྟོན་ལ་གཟིགས་པ་རེད།
      “ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་ཀྱི་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན”དུ་པར་རིས་500ལྷག་ཙམ་དང་དངོས་པོ་48དང་དེ་བཞིན་རྟོག་བཟོའི་བརྒྱུད་ལམ་སྣ་མང་སྨྱན་སྦྱོར་སོགས་ཕྱོགས་མང་དང་ཕྱོགས་བསྡུས་ཐོག་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་མངོན་པ་དང་། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་ཐེར་འདོན་གཏིང་ཟབ་བྱས་ཡོད་པ། 1959ལོར་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པའི་ལོ་རྒྱུས་དངོས་ཁྱོན་ཡོངས་ནས་མངོན་པ། ལོ་60ཡི་རིང་གི་བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་ཡོད། འགྲེམས་སྟོན་དངོས་སུ་འགོ་བཙུགས་ནས་ཟླ་བ་གཅིག་ལྷག་ཙམ་སོང་རིང་། འགྲེམས་ཁང་དུ་ལྟ་སྐོར་བྱེད་མཁན་དང་དྲ་ཐོག་ནས་ལྟ་མཁན་གྱི་ལས་རིགས་ཁག་གི་ལྟ་སྐོར་བ་མི་ཐེངས་ཁྲི་5ལྷག་ཙམ་ཟིན་ཡོད། འགྲེམས་སྟོན་སྔོན་དཔག་ལྟར་ན། ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་མཇུག་འགྲིལ་རྒྱུ་རེད།

  
style="display:none;"