མི་དམངས་དྲ་བ།>>ཞི་ཅིན་ཕིང་།

༄༅།།ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ཐུང་ཕཱ་ཧྥུའུ་ལོ་ཕུའུ་ལོ་སི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་16ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་དུ་ཕཱ་ཧྥུའུ་ལོ་ཕུའུ་ལོ་སི་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།

འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་དུ་ཕཱ་ཧྥུའུ་ལོ་ཕུའུ་ལོ་སི་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀེ་རི་སེའི་ཙུང་ཐུང་ཕཱ་ཧྥུའུ་ལོ་ཕུའུ་ལོ་སི་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཙུང་ཐུང་ཕཱ་ཧྥུའུ་ལོ་ཕུའུ་ལོ་སི་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པ་མ་ཟད། ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལའང་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ཀེ་རི་སི་ནི་ཡོ་རོབ་ཀྱི་ཤེས་དཔལ་དར་རྒྱས་ཆེ་བའི་གནའ་བོའི་རྒྱལ་ཁབ་ཅིག་རེད། ཁྱེད་རང་ཕེབས་པ་དེ་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ཤེས་དཔལ་སྤེལ་རེས་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། འཛམ་གླིང་གི་ཤེས་དཔལ་མི་འདྲ་བ་གླེང་མོལ་བཅས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ནི་རྩ་བ་བརྟན་སྲུང་དང་གསར་གཏོད་ཀྱི་མི་རིགས་ཤིག་ཡིན། ཀྲུང་ཧྭའི་ཤེས་དཔལ་གནའ་སྔ་མོ་ནས་ད་བར་རྒྱུན་ཆད་མྱོང་མེད་ལ་དེར་གཞན་པ་ཕྱིར་འབུད་ཀྱི་རང་བཞིན་ཡང་ལྡན་མེད་པར། བསྟུན་མཁས་མཉམ་གསོག་ཁྲོད་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད། གནའ་བོའི་དར་གོས་ལམ་བུའི་སྤེལ་རེས་བརྒྱུད། གནའ་བོའི་ཀེ་རི་སིའི་ཤེས་དཔལ་དང་། གནའ་བོའི་རོ་མའི་ཤེས་དཔལ། སྐོར་དཀྱིལ་རྒྱ་མཚོའི་ཤེས་དཔལ། དེ་བཞིན་ནང་བསྟན་ཆོས་ལུགས་དང་། དབྱི་སི་ལམ་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་སྔ་རྗེས་སུ་ཀྲུང་གོར་དར་ཁྱབ་བྱུང་ནས་ཀྲུང་ཧྭའི་ཤེས་དཔལ་དང་མཉམ་འདྲེས་མཉམ་གནས་ཐུབ་སྟེ་རང་ཡུལ་ཅན་དུ་གྱུར་ཞིང་། ད་བར་ཤེས་དཔལ་གྱི་འགལ་ཟླ་དང་ཆོས་ལུགས་ཀྱི་འཐབ་རྩོད་ཡེ་ནས་ཐོན་མྱོང་མེད། ཀྲུང་ཧྭ་མི་རིགས་ལ་ཕྱི་ཕྱོགས་ལ་བཙན་འཛུལ་བྱེད་པའི་སྲོལ་རྒྱུན་མེད། ལོ་600ཡི་གོང་ཀྲེང་ཧོ་ནུབ་གླིང་དུ་སྐྱོད་སྐབས་སྐབས་དེ་དུས་འཁྲིད་པ་ནི་འཛམ་གླིང་ཐོག་གི་དམག་གྲུའི་རུ་ཁག་རྒྱ་སྟོབས་ཆེ་ཤོས་དེ་ཡིན་པ་དང་། འཁྱེར་བ་ནི་དར་གོས་དང་། ཇ་ལོ། དཀར་ཡོལ་བཅས་ཡིན་པ་ལས་དམག་འཁྲུག་མིན། ལམ་བར་དུ་ས་ཆ་སྦར་མཐིལ་ཙམ་ཡང་བཟུང་མྱོང་མེད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་གནའ་སྔ་མོ་ནས་བཟུང་ཀྲུང་གོ་བ་ནི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བརྩེ་ཞེན་ཆེན་པོ་བྱེད་མཁན་ཞིག་ཡིན་ཞིང་། ཀྲུང་གོ་བ་ཚང་མས་རྒྱལ་ཁབ་ཨང་དང་པོར་འཇོག་གི་ཡོད། རྒྱལ་ཁབ་མེད་ན་ཁྱིམ་ཚང་མེད། རྒྱལ་ཁབ་གཅིག་གྱུར་དང་སྟོབས་འབྱོར་ལྡན་པ་ཞིག་མ་བྱུང་ན་ཁྱིམ་ཚང་འཆམ་མཐུན་དང་མི་སྒེར་ལ་བདེ་སྐྱིད་དེ་བས་ཀྱང་ཡོང་མི་སྲིད། ཀྲུང་གོ་མི་དམངས་ཀྱི་རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་དང་མི་རིགས་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཀྱི་ལ་རྒྱ་སྲུང་བའི་དད་སེམས་ཚད་མཐོའི་གཅིག་གྱུར་ཡིན་ལ་ཡིད་ཆེས་ཀྱང་སྲ་ཞིང་བརྟན་པོ་ཡོད། ཀྲུང་གོས་ད་ཆ་སྐྱོད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭའི་ཤེས་དཔལ་དང་ཁ་འབྲལ་ཐབས་མེད་པ་ཞིག་དང་། ཀྲུང་གོ་མི་དམངས་ཀྱིས་དཀའ་བ་དུ་མ་ཁྱད་དུ་བསད་ནས་འཚོལ་ཞིབ་བྱས་པ་ཞིག མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དེ་ཀྲུང་གོའི་དོན་དངོས་དང་ད་ཆའི་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་དུ་འབྲེལ་བའི་ཐོན་དངོས་ཤིག་བཅས་ཡིན་ལ། 
     དེའང་ལོ་རྒྱུས་ཀྱི་ལྡོག་མེད་ཅིག་དང་མི་དམངས་ཀྱི་གདམ་ག་ཞིག་རེད། མི་ཡུལ་གྱི་འགྲོ་ལམ་ཡང་དག་ནི་དཀའ་ཚེགས་ཆེན་པོ་ལྡན་པ་ཞིག་ཡིན་མོད། འོན་ཀྱང་དཀའ་ངལ་དང་འཇིགས་པ་ཅི་འདྲ་ཆེ་རུང་ང་ཚོས་འགྲོ་ལམ་དེར་བློ་བརྟན་འགྱུར་མེད་ངང་འགྲོ་གི་ཡིན། ཀྲུང་གོ་འཕེལ་རྒྱས་བྱུང་བས་འཛམ་གླིང་ཞི་བདེ་དང་མིའི་རིགས་ཡར་ཐོན་ལ་ལེགས་སྐྱེས་ཆེན་པོ་འབུལ་གྱི་ཡིན། དེང་གི་འཛམ་གླིང་ཐོག་རྒྱལ་ཁབ་ཁག་གི་མི་དམངས་རྣམས་སའི་གོ་ལ་གཅིག་གི་སྟེང་གཅིག་དར་ཀུན་དར་དང་། གཅིག་ཉམས་ཀུན་ཉམས། བདག་གཞན་མཉམ་བརྗེ་བཅས་ཀྱི་སྒོ་ནས་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། ངས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་གྲོས་འགོ་འདོན་དོན་ནི། ཤེས་དཔལ་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་འཛིན་དང་རྒྱལ་ཁབ་ཁག་དབར་གྱི་གཉིས་ཁེའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་གཏོད་ཆེད་ཡིན་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཀེ་རི་སི་ནི་ཤེས་དཔལ་དར་བའི་གནའ་བོའི་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་འགྲོ་འོང་བྱེད་ཡུན་རིང་ལ་ཕན་ཚུན་དབར་ལའང་ལྷན་སྐྱེས་ཀྱི་བློ་ཉེ་བའི་ཚོར་སྣང་ཞིག་ཡོད། ཀེ་རི་སི་ནི་ཡོ་རོབ་ཏུ་ཡོད་པའི་ཀྲུང་གོའི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཀེ་རི་སི་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ལག་གདང་དཔུང་སྦྲེལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་འདོད་ཡོད་ཅེས་གསུངས།
     ཕཱ་ཧྥུའུ་ལོ་ཕུའུ་ལོ་སིས་ཀྲུང་གོས་ཨེ་ཤེ་ཡའི་ཤེས་དཔལ་བགྲོ་གླེང་ཚོགས་ཆེན་འཚོགས་པར། འཛམ་གླིང་གི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་ཞིང་། ཀེ་རི་སི་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། མིག་སྔར། རྒྱལ་སྤྱིའི་ཐོག་མི་འགའ་ཞིག་གིས“ཤེས་དཔལ་གྱི་འགལ་ཟླ་སྨྲ་བ”འུད་སྒྲོག་བྱེད་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། དོན་དངོས་ཐོག་ཤེས་དཔལ་དབར་གྱི་འགལ་ཟླ་དང་རྩོད་རྙོག་དངོས་ཐོན་མི་རུང་ལ་ཐོན་ཡང་མི་སྲིད། ཤེས་དཔལ་མི་འདྲ་བའི་དབར་ཧེ་བག་ཡོད་རུང་། ཕན་ཚུན་བརྩི་འཇོག་གིས་བགྲོ་གླེང་སྤེལ་རེས་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྐྱོན་སྤངས་དགེ་སྒྲུབ་བཅས་བྱེད་པ་ནི་འཛམ་གླིང་ཡུན་རིང་ཞི་བདེ་དང་མིའི་རིགས་ཞི་མཐུན་མཉམ་གནས་ཀྱི་ལམ་རེད། དེའི་ཐད་ཀེ་རི་སི་དང་ཀྲུང་གོའི་འདུ་ཤེས་འདྲ་མཚུངས་རེད། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གིས་འཛམ་གླིང་དང་མིའི་རིགས་ལ་ཕུལ་བའི་ལེགས་སྐྱེས་ནི་དངོས་པོ་ག་ཚོད་གསར་བཟོ་བྱས་མིན་ལ་ལྟ་དགོས་པ་ཙམ་མ་ཟད། འདུ་ཤེས་གང་འདྲ་ཞིག་བཏོན་མིན་ལའང་ལྟ་དགོས། ཀེ་རི་སིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་འཛམ་གླིང་ཤེས་དཔལ་གྱི་ལྟ་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་བཅས་ལ་བསྔགས་བརྗོད་ཆེན་པོ་ཞུ་གི་ཡོད་ལ། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་པར་ཚད་མཐོའི་གདེང་འཇོག་ཀྱང་ཞུ་གི་ཡོད། ཀྲུང་གོས་རྒྱལ་སྤྱིའི་ཐོག་ཁ་བཤད་ལག་བསྟར་བྱས་པ་ལས། གནའ་བོའི་ཀྲུང་ཧྭའི་ཤེས་དཔལ་གྱི་བློ་གྲོས་དང་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་ལོ་རྒྱུས་ཀྱི་འགན་འཁྲི་ཡང་སྒྲུབ་པ་མཚོན་གྱི་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་མཚམས་སུ་ཀྲུང་གོར་འཚམས་འདྲིར་སླེབས་པར་ང་ཧ་ཅང་དགའ་པོ་བྱུང་། ཀེ་རི་སིའི་མི་དམངས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་ཐོབ་པའི་རླབས་ཆེན་གྲུབ་འབྲས་ལ་ཡིད་སྨོན་ཞུ་གི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བཏོན་པ་དེ་ལས་མི་འབོར་དུང་ཕྱུར་གྲུབ་འབྲས་ཐོབ་པའི་ངང་དབུལ་སྒྲོལ་བྱུང་བ་ནི་དཔེ་མི་སྲིད་པའི་ཡག་པོ་ཞིག་རེད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་ཡོད། ཀེ་རི་སིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལོ་རྒྱུས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ་ཀྲུང་གོ་དང་མཉམ་དུ་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བ་མ་ཟད། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་དང་དེ་བཞིན་ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས།
     གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་དུ་ཕཱ་ཧྥུའུ་ལོ་ཕུའུ་ལོ་སི་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་། ཕུང་ལི་ཡོན་དང་། ཏིང་ཞུའེ་ཞང་། དབྱང་ཅེ་ཁྲེ། ཧོང་ཁུན་མིང་། ཁྲེན་ཀྲུའུ། ཝང་དབྱིས། ལི་པིན། ཧོ་ལི་ཧྥུང་སོགས་ཕེབས་ཡོད་པ་རེད།

  
style="display:none;"