མི་དམངས་དྲ་བ།>>ཞི་ཅིན་ཕིང་།

༄༅།།ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་ཞུགས་
མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྟངས་དཔྱལ་དང་སྐུ་མགྲོན་ལ་དགའ་བསུ་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་16ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་ཞུགས་
མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྟངས་དཔྱལ་དང་སྐུ་མགྲོན་ལ་དགའ་བསུ་ཞུས་པ།

     ཟླ་5ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གསོལ་སྟོན་བཤམས་ནས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྟངས་དཔྱལ་དང་སྐུ་མགྲོན་ཚོར་དགའ་བསུ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་གསོལ་སྟོན་ཐོག་ཤིས་ཚིག་གསུངས་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོར་གསོལ་སྟོན་བཤམས་ནས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྟངས་དཔྱལ་དང་སྐུ་མགྲོན་ལ་དགའ་བསུ་ཞུས་པ་རེད།
     ཝང་ཧུའུ་ཉིང་གསོལ་སྟོན་ལ་ཕེབས་ཡོད་པ་རེད།
     དབྱར་འགོའི་པེ་ཅིང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། དགོང་མོའི་མི་དམངས་ཚོགས་ཁང་ཆེ་མོར་གློག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་མཆིས། དགའ་སྤྲོ་འཁོལ་བའི་མགྲོན་བསུའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་དང་ཕེང་ལི་ཡོན་སྐུ་མགྲོན་ཚོ་དང་ལྷན་དུ་གསེར་མདོག་ཚོམས་ཆེན་དུ་ཕེབས་པ་རེད།
     ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་ཀྲུང་གོར་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་ཞུགས་མཁན་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་འཚོགས་པ་དེ་ནི་ཨེ་ཤེ་ཡའི་མཉམ་ལས་འཕེལ་རྒྱས་ཀྱི་དུས་བབ་ཆེ་མོ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཤེས་དཔལ་ཐད་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུའི་རེ་སྒུག་དང་བསྟུན་ནས་ཤེས་དཔལ་མི་འདྲ་བའི་ཐུན་མོང་འཕེལ་རྒྱས་ཆེད་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུའི་ལས་སྟེགས་བསྐྲུན་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཆུ་བོའི་རྒྱུན་ལྟར་གྱི་ཤེས་དཔལ་གྱིས་འཇིག་རྟེན་ལ་ཡིད་དགའི་རྣམ་པ་སྦྱིན་ཞིང་། ལོ་རྒྱུས་ཀྱི་འཕེལ་རྒྱས་དང་། སྤྱི་ཚོགས་གྲ་རྒྱས། མིའི་རིགས་ཡར་ཐོན་བཅས་ཚང་མ་ཤེས་དཔལ་གྱི་ཉིང་བཅུད་དང་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད། ཨེ་ཤེ་ཡ་ནི་མིའི་རིགས་ཀྱི་ཤེས་དཔལ་དར་ས་གལ་ཆེན་ཞིག་ཡིན་པ་དང་ལོ་རྒྱུས་ཡུན་རིང་ཁྲོད་ཨེ་ཤེ་ཡའི་སྣ་མང་ཕུན་སུམ་ཚོགས་པའི་ཤེས་དཔལ་འོད་མདངས་ཕན་ཚུན་འཕྲོས་ཏེ་མིའི་རིགས་ཆེད་ཡུན་རིང་གི་ཤེས་དཔལ་དྲན་འཆར་དང་ཟིལ་རླབས་དགུང་འཕྱུར་གྱི་ཤེས་དཔལ་རྣམ་པ་ཉར་ཚགས་ཐུབ་ཡོད། ད་ཆ་ཨེ་ཤེ་ཡའི་ཤེས་དཔལ་མི་འདྲ་བ་སྒོ་འབྱེད་ཁྲོད་སྤེལ་རེས་དང་། བསྟུན་མཁས་ཁྲོད་མཉམ་གནས། གསར་གཏོད་ཁྲོད་འཕེལ་རྒྱས་བཅས་བྱུང་སྟེ་ཨེ་ཤེ་ཡའི་ཤེས་དཔལ་མེ་ཏོག་འཛམ་གླིང་གི་གར་སྟེགས་ཐོག་བཞད་བཞིན་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོའི་ཤེས་དཔལ་དེ་ལོ་ངོ་5000ལྷག་ཙམ་གྱི་ལོ་རྒྱུས་རྒྱུན་འཛིན་ཁྲོད་མ་ལུས་ཀུན་འདུས་དང་གསར་གཏོད་རིམ་སྤོར་བྱུང་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་རིང་ཀྲུང་གོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་མཐའ་འཁྱོངས་དང་ཀྲུང་ཕྱིའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཚེས་15ཉིན་ང་ཚོས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་འཚོགས་ནས་སྣེ་མང་རིག་གནས་ཀྱི་མཛེས་སྡུག་རྣམ་པ་མྱོང་རོལ་དང་ཤེས་དཔལ་ཐད་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཐབས་ལམ་ཐུན་མོང་ཐོག་དོན་གཉེར་བྱ་རྒྱུ་རེད། ང་ཚོས་ད་ཐེངས་ཀྱི་ཚོགས་ཆེན་འགོ་འཛུགས་སར་བྱས་ཏེ་ཀུན་སེམས་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ནང་རྒྱལ་ཁབ་ཁག་གི་ཤེས་དཔལ་འོད་ཟེར་འཕྲོ་བ་བྱེད་དགོས་ཞེས་གསུངས་པ་རེད།
     དགའ་སྤྲོ་འཆམ་མཐུན་གྱི་རྣམ་པའི་ཁྲོད་གསོལ་སྟོན་བཤམས་ཤིང་། སྦྱིན་བདག་དང་སྐུ་མགྲོན་རྣམས་བྱམས་བརྩེའི་ངང་གླེང་མོལ་བྱས་ཏེ་ཤེས་དཔལ་སྤེལ་རེས་སྐོར་གླེང་ནས་ཐུན་མོང་ཐོག་འཛམ་གླིང་ཞི་བདེ་གྲ་རྒྱས་ཡོང་རྒྱུར་རྟེན་འབྲེལ་ཞུས་པ་རེད།
     ཏིང་ཤུའེ་ཞང་དང་། སུན་ཁྲུན་ལན། དབྱང་ཅེ་ཁྲེ། ཧོང་ཁུན་མིང་། ཚའེ་ཆི། ཝང་དབྱི། ཧོ་ལི་ཧྥུང་སོགས་གོང་གསལ་བྱེད་སྒོར་ཞུགས་པ་རེད།

  
style="display:none;"