མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་21ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་ཆུང་གྲས་རྙིང་པ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱི་རེ་འདུན་དང་བསྟུན་ཏེ་ སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱེད་ཐབས་གཏན་འཁེལ་བྱས་ ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཆུ་ཚད་སྲ་བརྟན་དང་གོང་མཐོར་བཏང་སྟེ་དབུལ་སྒྲོལ་འགག་ སྒྲོལ་ལ་རྒྱབ་སྐྱོར་བྱེད་པ་དང་གཞི་རྩའི་དམངས་འཚོར་འགན་སྲུང་བྱེད་རྒྱུའི་བླང་བྱ་བཏོན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་ཆུང་གྲས་རྙིང་པ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱི་རེ་འདུན་དང་བསྟུན་ཏེ་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱེད་ཐབས་གཏན་འཁེལ་བྱས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཆུ་ཚད་སྲ་བརྟན་དང་གོང་མཐོར་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པ་དང་གཞི་རྩའི་དམངས་འཚོར་འགན་སྲུང་བྱེད་རྒྱུའི་བླང་བྱ་བཏོན་པ་རེད།
    ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་བཀོད་སྒྲིག་གཞིར་བཟུང་། “བརྟན་ལྷིང་དྲུག”གི་ལས་དོན་ཧུར་ཐག་ངང་ཡག་པོ་བསྒྲུབ་རྒྱུ་དང་མ་འཇོག་བརྟན་པོ་བྱ་རྒྱུ་ནི་ཕྱོགས་གལ་ཆེན་ཞིག་རེད། འཇུག་གཞི་འཚོལ་ཞིབ་གནད་སྨིན་བྱེད་པར་མང་ཚོགས་ཀྱི་རེ་འདུན་སྐོང་ཐུབ་པ་དང་ནང་མཁོ་རྒྱ་ཆེར་བཏང་སྟེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་འདོགས་པ་མ་ཟད། རྣམ་གྲངས་གལ་ཆེན་བསྐྱར་ཟློས་འཛུགས་སྐྲུན་མི་བྱེད་པ་དང་ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་བཏང་སྟེ་འཕར་རྒྱུ་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ་བཅས་ཀྱི་གཅིག་གོ་ཉིས་ཆོད་ཀྱི་ཕན་འབྲས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས།
     ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་ཆུང་གྲས་རྙིང་པ་སྒྱུར་བཀོད་མགྱོགས་པོ་བྱེད་པའི་མང་ཚོགས་ཀྱི་བསམ་འདུན་ཆེ་ཤོས་ནི་དམངས་འཚོའི་འདུ་འགོད་དང་འཕེལ་རྒྱས་ཀྱི་འདུ་འགོད་གལ་ཆེན་ཞིག་རེད། ས་གནས་ཁག་གིས་ཞིབ་བཤེར་རགས་ཙམ་བྱས་པ་གཞིར་བཟུང་། མིག་སྔར་རྒྱལ་ཡོངས་སུ་སྒྱུར་བཀོད་བྱེད་དགོས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་ཆུང་གྲས་རྙིང་པ་དང་འབྲེལ་བའི་གྲོང་མི་དུང་ཕྱུར་གཅིག་ལྷག་ཙམ་ཡོད། དེར་བརྟེན་ལས་དོན་དེ་ནི་གྲངས་འབོར་མང་ཞིང་ཁྱབ་རྒྱ་ཆེ་བ་དང་། གནས་ཚུལ་མི་འདྲ་བ། ལས་འགན་མང་ཞིང་ཧ་ཅང་ལྕི་བ་བཅས་རེད། གཅིག་ནས་སྒྱུར་བཀོད་ཀྱི་ཚད་གཞི་དང་སྒྱུར་བཀོད་བྱ་ཡུལ་གྱི་ཁྱབ་ཁོངས་དུས་ཚོད་དམ་འཛིན་གྱིས་གསལ་པོ་བཟོ་བ་དང་འདི་ལོ་ཚོད་ལྟ་འཚོལ་ཞིབ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཉམས་མྱོང་གསོག་འཇོག་བྱེད་དགོས་པ་དང་། གཉིས་ནས་སྲིད་གཞུང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ས་གནས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྡེ་ཁུལ་གྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་གྲོང་མིའི་འདོད་བློར་བརྩི་འཇོག་བྱེད་པ་དང་མང་ཚོགས་ཞུགས་རྒྱུར་སྐུལ་སློང་བྱེད་དགོས་པ། གསུམ་ནས་མ་འཇོག་དང་མ་དངུལ་མཉམ་བསྡུའི་ལམ་སྲོལ་གསར་གཏོད་བྱེད་དགོས་པ། བཞི་ནས་སྡེ་ཁུལ་ཆུང་གྲས་སྒྱུར་བཀོད་བྱེད་པའི་རྨང་གཞིའི་ཐོག་སྡེ་ཁུལ་གྱི་རྒན་གསོ་དང་། བུ་བཅོལ། སྨན་བཅོས། ལྟོ་ཆས་ལ་རོགས་རམ། གཙང་སྦྲ་སོགས་ཀྱི་ཞབས་ཞུ་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་སྡེ་ཁུལ་ཆུང་གྲས་ཀྱི་རྗེས་མཐུད་ཕུགས་ཕན་དོ་དམ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་དེ་2016ལོར་ལག་བསྟར་བྱས་ཚུན། གྲོང་གསེབ་ཀྱི་འཕྲུལ་ཁྲོན་གློག་གཏོང་དང་གྲོང་ཚོ་དབུལ་པོར་སྒུལ་ཤུགས་གློག་ཤར་གཏོང་བྱེད་པ་སོགས་ཀྱི་ལས་འགན་ལེགས་གྲུབ་བྱུང་བ་དང་། གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ། གྲོང་གསེབ་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་ཐུབ་ཡོད། གོམ་སྟབས་རྗེས་མར་གཅིག་ནས་ས་གནས་ཁག་དང་གློག་དྲ་ཁེ་ལས་ཀྱིས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་འདི་ལོ་ཞིང་ཆེན་ཚན་པར་བྱ་རྒྱུ་འགན་ལེན་བྱས་ནས་ལོ་གཅིག་གི་སྔ་སྣུར་དུ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་ཁ་གསལ་བཟོས་པའི་སྒྱུར་བཀོད་རིམ་སྤོར་གྱི་ལས་འགན་ཚང་མ་ལེགས་སྒྲུབ་བྱེད་དགོས་པ་དང་། ཁེ་ལས་ལ་གློག་ཤུགས་ཐོབ་པའི་དུས་ཚོད་སྔར་བས་ཐུང་དུ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས་པ། གཉིས་ནས་འདི་ལོ་འབྲེལ་ཡོད་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་ཚང་མ་ས་ཁུལ་དབུལ་པོའི་གློག་དྲ་སྒྱུར་བཀོད་རིམ་སྤོར་ཐད་སྤྱོད་པ་དང་འབྲེལ་ཀྲུང་དབྱང་གི་མ་དངུལ་བསྡུར་གྲངས་མཐོ་རུ་གཏོང་དགོས་པ་དང་། “ཁུལ་གསུམ་དང་ཀྲོའུ་གསུམ”དང་མཐའ་མཚམས་གྲོང་སྡེ་སོགས་ཀྱི་ཞིང་དྲ་སྒྱུར་བཀོད་རིམ་སྤོར་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་ཕྱི་ལོའི་ལོ་སྟོད་དུ་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ། གསུམ་ནས་ཞིང་དྲ་གློག་མཁོ་འདོན་གྱི་ལྟ་ཞིབ་ཚད་ལེན་གྱི་གདེང་འཇོག་མ་ལག་བཙུགས་ནས་འཕྲུལ་ཁྲོན་གློག་གཏོང་དེ་གློག་དྲ་ཁེ་ལས་ཀྱི་རྒྱུན་གཏན་གྱི་ཞབས་ཞུའི་ཁྱབ་ཁོངས་ནང་བཅུག་སྟེ་གྲོང་གསེབ་ཀྱི་གློག་ཤུགས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་ལག་ལེན་བསྟར་བ་བརྒྱུད། གྲོང་གསེབ་ཀྱི་གྲོང་མིའི་འཐུང་ཆུ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་བ་དང་། གྲོང་གསེབ་ཀྱི་གཅིག་སྡུད་ཆུ་མཁོ་འདོན་བྱེད་ཚད་དང་རང་འབབ་ཆུ་ཀ་ལ་ཁྱབ་གདལ་བྱུང་ཚད་80%ཡན་ཟིན་ཡོད། ཚོགས་འདུའི་ཐོག་གཅིག་ནས་ལས་གྲྭ་བསྐྲུན་ཤུགས་ཆེ་རུ་བཏང་ནས་ཕྱི་ལོར་གྲོང་གསེབ་ཀྱི་མི་འབོར་ཁྲི་6000གི་འཐུང་ཆུའི་ཐད་ལྷག་པའི་ཆུ་མཁོ་འདོན་གྱི་འབོར་ཚད་ཚད་གཞི་མ་ལོན་པ་དང་ཧྥུའུ་ཚད་ལས་བརྒལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། གཉིས་ནས་ལུགས་མཐུན་གྱི་ཆུའི་རིན་གོང་དང་ཆུ་རིན་བསྡུ་བའི་ལམ་སྲོལ་བཟོས་ཏེ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་སོགས་ཀྱི་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཆུ་མཁོ་འདོན་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་ནང་ཞུགས་རྒྱུའི་ཡིད་དབང་འགུགས་དགོས་པ། གསུམ་ནས་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཆུ་ཚད་མཐོར་གཏོང་གི་ཚད་གཞི་གསར་པ་ཞིབ་འཇུག་བྱས་ནས་གོམ་སྟབས་རྗེས་མའི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འཆར་འགོད་བཟོ་འགོ་འཛུགས་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

  
style="display:none;"