མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་པེ་ཅིང་ལུས་རྩལ་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ཨང་དང་པོའི་
འཛིན་གྲྭའི་སློབ་མ་ཚོར་སྐུལ་ལྕག་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་21ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་18ཉིན་པེ་ཅིང་ལུས་རྩལ་སློབ་ཆེན་གྱི་2016ལོའི་ཞིབ་འཇུག་སློབ་མའི་ཨང་དང་པོའི་འཛིན་གྲྭའི་སློབ་མ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་སྐུལ་ལྕག་དང་རེ་ལྟོས་གནང་བ་མ་ཟད། ད་དུང་པེ་ཅིང་ལུས་རྩལ་སློབ་ཆེན་གྱི་དགེ་སློབ་ཡོངས་དང་། ཨོ་རྩལ་འགྲན་ཚོགས་སོགས་འགྲན་བསྡུར་ལ་གྲ་སྒྲིག་ཧུར་ཐག་བྱེད་བཞིན་པའི་ལུས་རྩལ་པ་དང་རྩལ་ཁྲིད་པ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
    ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ། ཁྱོད་ཚོས་གོ་སྐབས་གཅེས་འཛིན་བྱས་ནས་སློབ་སྦྱོང་ནན་ཏན་བྱེད་ཞོར་སྦྱོང་བརྡར་ཡག་པོ་བྱས་ཏེ། དམངས་ཡོངས་ལུས་སྦྱོང་སྐུལ་སྤེལ་ལས་དོན་ནང་ཧུར་ཐག་ཞུགས་བཞིན་ཡོད་པ་ཤེས་བྱུང་བས་ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད།
    ཞི་ཅིན་ཕིང་གིས། ངས་ཁྱོད་ཚོའི་འགྲན་བསྡུར་མང་པོ་བལྟ་མྱོང་། རང་རྒྱལ་གྱི་ལུས་རྩལ་པས་རྒྱལ་སྤྱིའི་འགྲན་དོན་གལ་ཆེན་ཐོག་ཧུར་བརྩོན་ཆེན་པོས་གྲུབ་འབྲས་ཡག་པོ་བླངས་ཏེ་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱེད་པ་མཐོང་ཐེངས་རེར་ངས་སེམས་གཏིང་ནས་དགའ་འབོད་བྱེད་ཀྱི་ཡོད། དུས་རབས་གསར་པའི་ཀྲུང་གོར་འགན་འཁྲི་ཕྲག་ཏུ་ཁུར་ནས་འབད་འཐབ་བྱེད་པའི་སྙིང་སྟོབས་དེ་བས་ཀྱང་མཁོ། ཁྱོད་ཚོས་མུ་མཐུད་ནས་ཀུན་གྱི་སྣེ་ཁྲིད་དེ་ཧུར་ཐག་འབད་ཐག་གིས་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཆེད་ལེགས་སྐྱེས་མང་ཙམ་ཕུལ་ཏེ། སྤྱི་ཚོགས་ལ་དྲང་ནུས་མང་ཙམ་བརྒྱུད་སྤྲོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     2003ལོར། པེ་ཅིང་ལུས་རྩལ་སློབ་ཆེན་གྱིས་ཞིབ་འཇུག་སློབ་མའི་ཨང་དང་པོའི་འཛིན་གྲྭ་བཙུགས་ཏེ། ཨོ་རྩལ་འགྲན་ཚོགས་དང་། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར། འཛམ་གླིང་བུམ་པའི་འགྲན་བསྡུར་བཅས་ཀྱི་ཁྲོད་རྣམ་གྲངས་རྐྱང་མའི་ཨང་དང་པོ་དང་མཉམ་སྡེབ་རྣམ་གྲངས་ཀྱི་ཨང་དང་པོ་བླངས་པའི་ལུས་རྩལ་པ་དང་དེ་བཞིན་རྩལ་ཁྲིད་པ་ཆེད་མངགས་བསྡུས་པ་རེད། 2016ལོའི་ཞིབ་འཇུག་སློབ་མའི་ཨང་དང་པོའི་འཛིན་གྲྭར་སློབ་མ་24ཡོད་པའི་ཁྲོད་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་8དང་། འཛམ་གླིང་གི་ཨང་དང་པོ་14 ཨང་དང་པོའི་རྩལ་ཁྲིད་པ་2བཅས་ཡོད་པ་རེད། ཉེ་ཆར། འཛིན་གྲྭ་དེའི་སློབ་མ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སློབ་སྦྱོང་དང་། སྦྱོང་བརྡར། ལས་ཀ་བཅས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་དང་སྦྲགས་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་སྤྲོ་སེམས་དང་ཆོད་སེམས་ཀྱང་མཚོན་པར་བྱས་པ་རེད། 

  
style="display:none;"