མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་01ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་པན་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་29ཉིན་ཏ་པན་དུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྩ་བའི་རང་བཞིན་གྱི་གནད་དོན་དང་མིག་སྔའི་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་རྩོད་གཞི་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་བཅས་ཐད་དགོངས་འཆར་བརྗེ་རེས་གནང་ནས། དུས་མཚམས་རྗེས་མར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་གཏན་འཁེལ་གྱིས་མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་རྩ་བའི་དགོངས་གཞིར་བྱས་པའི་ཀྲུང་ཨའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུར་མོས་མཐུན་གནང་བ་རེད།
    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨའི་འབྲེལ་བ་ནི་འཛམ་གླིང་ཐོག་གི་གལ་ཆེ་ཤོས་ཀྱི་ཕྱོགས་གཉིས་འབྲེལ་བའི་གྲས་ཤིག་ཡིན། ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ཚུན་གྱི་ལོ་40རིང་ལ་ཕྱིར་ལྟ་ཞིག་བྱས་ཚེ། རྒྱལ་སྤྱིའི་དུས་བབ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡང་། གཞི་རྩའི་དོན་དངོས་ཤིག་ཐོག་མཐའ་བར་གསུམ་ཚང་མར་འགྱུར་ལྡོག་བྱུང་མེད། དེ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་མཐུན་ན་གཉིས་ཁེ་དང་འཐབ་ན་གཉིས་ཕམ། རྩོད་གཞི་ལས་མཉམ་ལས་དགའ་བ། འགྲན་རྒོལ་བྱེད་པ་ལས་སྐད་ཆ་ཤོད་རེས་དགའ་བ་དེ་རེད། མིག་སྔར། ཀྲུང་ཨའི་འབྲེལ་བར་དཀའ་ངལ་ཁག་ཅིག་འཕྲད་ཡོད་པ་འདི་ནི་ཕྱོགས་གཉིས་ཀྱི་ཁེ་ཕན་དང་འཚམ་པ་ཞིག་མ་རེད། ཀྲུང་ཨའི་རྒྱལ་ཁབ་གཉིས་དབར་མི་མཐུན་ས་ཡོད་ཀྱང་། ཕྱོགས་གཉིས་ཀྱི་ཁེ་ཕན་ཚད་མཐོན་པོས་མཉམ་དུ་འདྲེས་པ་དང་མཉམ་ལས་ཁྱབ་ཁོངས་རྒྱ་ཆེན་པོ་ཡོད་པས། གདོང་ཐུག་དང་འགྲན་རྒོལ་བྱེད་དགོས་དོན་མེད་པར་ཕན་ཚུན་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་འོས། སྐུ་ཞབས་ཙུང་ཐུང་གིས་ཀྲུང་ཨའི་འབྲེལ་བ་ལེགས་སུ་གཏོང་རེ་ཡོད་ཅེས་ཐེངས་མང་གསུངས་མྱོང་། ཁྱེད་རང་གིས་ད་དུང་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུར་མོས་མཐུན་བརྒྱ་ཆ་བརྒྱ་ཡོད་ཅེས་ཀྱང་གསུངས་མྱོང་། འདི་ནི་ང་ཚོས་སྟངས་འཛིན་ཧུར་ཐག་བྱེད་འོས་པའི་ཁ་ཕྱོགས་ཡང་དག་པ་ཞིག་རེད། ཕྱོགས་གཉིས་ཀྱིས་ང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་གཏན་འཁེལ་བྱས་པའི་རྩ་དོན་དང་ཁ་ཕྱོགས་ལྟར་རིམ་པ་ཁག་གི་སྤེལ་རེས་རྒྱུན་འཁྱོངས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་རྩ་བའི་དགོངས་གཞིར་བྱས་པའི་ཀྲུང་ཨའི་འབྲེལ་བར་མཉམ་དུ་སྐུལ་འདེད་གཏོང་དགོས།
    ཐེ་རོན་ཕུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཡང་བསྐྱར་ཐུག་འཕྲད་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངས་2017ལོར་ཀྲུང་གོར་འཚམས་འདྲི་བྱས་པ་གསལ་ལེར་དྲན་གྱི་འདུག དེ་ནི་ང་རང་སྤྲོ་སེམས་ཧ་ཅང་འཕེལ་བའི་འཚམས་འདྲི་བྱེད་ཐེངས་ཤིག་ཡིན། ངས་ངོ་མཚར་རྨད་དུ་བྱུང་བའི་ཀྲུང་གོའི་ཤེས་དཔལ་དང་ཀྲུང་གོར་ཐོབ་པའི་ཧ་ཅང་རླབས་ཆེ་བའི་གྲུབ་འབྲས་དག་དངོས་སུ་མཐོང་བྱུང་། ང་ལ་ཀྲུང་གོ་དགྲར་འཛིན་གྱི་བསམ་པ་མེད་པ་མ་ཟད། ད་དུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་རེ་བྱེད་ཀྱི་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་བ་ཡག་པོ་རྒྱུན་འཁྱོངས་བྱ་རྒྱུར་མཐོང་ཆེན་བྱེད་པ་མ་ཟད། ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཀྱང་ཡོད་ཅེས་གསུངས་པ་དང་། ཐེ་རོན་ཕུ་ཡིས། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་གཏན་འཁེལ་བྱས་པའི་རྩ་དོན་དང་ཁ་ཕྱོགས་ལྟར་ལས་དོན་ཧུར་ཐག་བསྒྲུབས་ནས། མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་རྩ་བའི་དགོངས་གཞིར་བྱས་པའི་ཨ་ཀྲུང་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག ཨ་ཀྲུང་གཉིས་ཀྱི་གཙོ་བདག་ཐེངས་འདིར་ཐུག་འཕྲད་བྱས་པ་ལས་ཨ་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུའི་ཡིད་ཆེས་ཡོད་ཅེས་ཀྱང་གསུངས་པ་རེད།
     རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱས་པའི་རྨང་གཞིའི་ཐོག་དཔལ་འབྱོར་ཚོང་དོན་སྐོར་གྱི་གྲོས་མོལ་སླར་ཡང་བྱ་རྒྱུ་དང་ཨ་རིའི་ཕྱོགས་ཀྱིས་ཀྲུང་གོའི་ཐོན་རྫས་ལ་སྒོ་ཁྲལ་གསར་པ་མི་བསྡུ་རྒྱུར་མོས་མཐུན་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་ཚོགས་པས་ཞིབ་ཕྲའི་གནད་དོན་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།
    ཐེ་རོན་ཕུ་ཡིས། ཀྲུང་གོར་ཕུལ་དུ་བྱུང་བའི་སློབ་མ་མང་པོ་ཡོད། ངས་ཀྲུང་གོའི་སློབ་མ་ཨ་རིར་སློབ་སྦྱོང་བྱེད་པར་ཡོང་རྒྱུར་ཐོག་མཐའ་བར་གསུམ་དུ་དགའ་བསུ་ཞུ་གི་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཐའེ་དབན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་སྲིད་གཞུང་གི་རྩ་དོན་དང་ལངས་ཕྱོགས་འགྲེལ་བཤད་གནང་བར། ཐེ་རོན་ཕུ་ཡིས་ངས་ཐའེ་དབན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ཀྱི་ཀྲུང་གོ་སྲིད་གཞུང་གི་རྩ་དོན་དང་ལངས་ཕྱོགས་བསྐྱར་བསྒྲགས་གནང་བ་དང་སྦྲགས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་དབར་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཨ་རི་དང་ཁྲའོ་ཞན་ཕྱོགས་གཉིས་པོས་གང་ལ་གང་འཚམ་གྱིས་ཁ་ཕྱོགས་གཅིག་ལ་དམིགས་ཏེ་མགྱོགས་མྱུར་སླར་ཡང་སྐད་ཆ་ཤོད་རེས་བྱས་ནས་ཕན་ཚུན་གཉིས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་ཐབས་རྙེད་ཐུབ་རེ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འདིའི་ཆེད་དུ་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་དང་། ཐེ་རོན་ཕུ་ཡིས། ཨ་རི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ཀྱི་ཀྲུང་གོ་སྲིད་གཞུང་གི་ནུས་པ་གལ་ཆེན་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"