མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་01ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་པན་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏ་པན་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་འདི་ལོའི་ཟླ་གསུམ་པར་ངས་ཧྥ་རན་སེར་གྲུབ་འབྲས་ལྡན་པའི་རྒྱལ་དོན་འཚམས་འདྲི་བྱས་པ་ཡིན། འཚམས་འདྲི་བྱེད་རིང་། ང་ཚོར་ཐོབ་པའི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་དང་མཉམ་ལས་ཀྱི་གྲོས་མཐུན་རབ་དང་རིམ་པ་དོན་འཁྱོལ་བརྟན་པོ་བྱེད་བཞིན་ཡོད། འཛམ་གླིང་ལ་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འགྲོ་བཞིན་པའི་མཚམས་སུ། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ཀྱི་རླབས་ཟུར་གྱེན་ལྡོག་དང་གནམ་གཤིས་འགྱུར་ལྡོག་སོགས་མིའི་རིགས་ཀྱི་ཐུན་མོང་གི་འགྲན་སློང་འཕྲད་སྐབས་ཀྲུང་ཧྥས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མངོན་པར་བྱེད་དགོས་ངེས་ཡིན། རང་ཚུགས་རང་བདག་མཐའ་འཁྱོངས་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་སྲུང་སྐྱོང་མཁན་དང་། སྒོ་དབྱེ་མཉམ་ལས་ལག་བསྟར་མཁན། འཛམ་གླིང་ཞི་བདེ་སྲུང་སྐྱོང་མཁན། ཤེས་དཔལ་སྤེལ་རེས་ཁྲིད་སྟོན་མཁན་བཅས་བྱས་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་ས་གོ་ལའི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པས་ཀྲུང་ཧྥ་ཕྱོགས་གཉིས་པོས་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་རྣམ་གྲངས་དོན་འཁྱོལ་བྱེད་མགྱོགས་སུ་བཏང་ནས་ཉིང་རྡུལ་ནུས་པ་དང་འཇིག་རྟེན་འཕུར་སྐྱོད་སོགས་རྣམ་གྲངས་ཆེན་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་2021ལོའི་ཀྲུང་ཧྥའི་རིག་གནས་ཡུལ་སྐོར་ལོ་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་སྤྱི་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས། 
     ཀྲུང་ཧྥ་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས་ནས་གླེང་མང་བའི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
    མ་ཁེ་ལུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་འདི་ལོའི་ཟླ་གསུམ་པར་ཧྥ་རན་སེར་འཚམས་འདྲི་གནང་བར་ཕེབས་པ་དེས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད། ང་སླར་ཡང་ཀྲུང་གོར་འཚམས་འདྲིར་སྐྱོད་འདོད་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཞིང་ལས་དང་། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ། དམངས་སྤྱོད་ཉིང་རྡུལ་ནུས་པ་སོགས་ཐད་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་འདོད་ཡོད། ཧྥ་ཀྲུང་རྒྱལ་ཁབ་གཉིས་པོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྒྲིག་ཐད་མཐུན་སྦྱོར་དམ་ཟབ་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་ཕྱོགས་མང་པོའི་གྲོས་རིམ་ནང་མཉམ་ལས་ཧུར་ཐག་བྱས་ཏེ་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།
     ཕྱོགས་གཉིས་པོས་ད་དུང་ཁྲའོ་ཞན་ཕྱེད་གླིང་དང་དབྱི་རན་གྱི་ཉིང་རྡུལ་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཞིང་། གླེང་མོལ་སྐུལ་འདེད་ལ་འདུམ་ཐབས་བྱེད་པའི་ཐད་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་བཏོན་པར་ཧྥ་རན་སེ་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱས་ནས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད། 

  
style="display:none;"