མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཚོགས་འདུར་
ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་11ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཚོགས་འདུར་
ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

     ཟླ་7ཚེས་9ཉིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ། 
     ■ དུས་བབ་གསར་པའི་འོག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་སྤྲོས་པ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་ཧུར་ཐག་གཏོང་བ། སྤྱོད་བཟང་སྒྲིག་ནན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་ཏང་གི་དགོངས་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཐད་མིག་དཔེ་འདོན་པ། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་པའི་ཐད་མིག་དཔེ་འདོན་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་ཐད་མིག་དཔེ་འདོན་པ་བཅས་བྱས་ཐོག་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བའི་དཔེ་བཟང་ལས་ཁུངས་ཤིག་གཏོད་དགོས།
    ■ ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ངེས་པར་དུ་སྔོན་ལ་སྒྲུབ་པ་དང་མིག་དཔེ་འདོན་དགོས་པ་དེ་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གནས་བབ་དང་འགན་ནུས་ཀྱིས་ཐག་གཅོད་བྱས་པ་ཞིག་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནི་ཏང་ཀྲུང་དབྱང་དང་བར་ཐག་ཉེ་ཤོས་ཡིན་པ་དང་ཏང་ཀྲུང་དབྱང་ལ་ཐད་ཀར་ཞབས་འདེགས་ཞུ་གི་ཡོད་པས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ཐ་ན་ཁྱབ་ཁོངས་གཞན་དག་གི་ཏང་འཛུགས་སྐྱོང་ཐད་རླུང་ཕྱོགས་སྟོན་རྟགས་ཀྱི་ནུས་པ་ལྡན་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རང་ངོས་གསར་བརྗེ་བྱེད་པར་ངེས་པར་དུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནས་ནན་པོ་བྱེད་པ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ནས་དམ་འཛིན་བྱེད་དགོས།
      འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་9ཉིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་དུས་བབ་གསར་པའི་འོག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་སྤྲོས་པ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་ཧུར་ཐག་གཏོང་བ། སྤྱོད་བཟང་སྒྲིག་ནན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་ཏང་གི་དགོངས་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཐད་མིག་དཔེ་འདོན་པ། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་པའི་ཐད་མིག་དཔེ་འདོན་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་ཐད་མིག་དཔེ་འདོན་པ་བཅས་བྱས་ཐོག་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བའི་དཔེ་བཟང་ལས་ཁུངས་ཤིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད། 
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཕེབས་པ་རེད། 
    ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ངེས་པར་དུ་སྔོན་ལ་སྒྲུབ་པ་དང་མིག་དཔེ་འདོན་དགོས་པ་དེ་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གནས་བབ་དང་འགན་ནུས་ཀྱིས་ཐག་གཅོད་བྱས་པ་ཞིག་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནི་ཏང་ཀྲུང་དབྱང་དང་བར་ཐག་ཉེ་ཤོས་ཡིན་པ་དང་ཏང་ཀྲུང་དབྱང་ལ་ཐད་ཀར་ཞབས་འདེགས་ཞུ་གི་ཡོད་པས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ཐ་ན་ཁྱབ་ཁོངས་གཞན་དག་གི་ཏང་འཛུགས་སྐྱོང་ཐད་རླུང་ཕྱོགས་སྟོན་རྟགས་ཀྱི་ནུས་པ་ལྡན་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རང་ངོས་གསར་བརྗེ་བྱེད་པར་ངེས་པར་དུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནས་ནན་པོ་བྱེད་པ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ནས་དམ་འཛིན་བྱེད་དགོས་ཞེས་བསྟན་གནང་བ་རེད། 
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཉམས་མྱོང་གལ་ཆེན་གསོག་འཇོག་བྱས་ཡོད། ལག་ལེན་ལས་ར་སྤྲོད་བྱུང་བར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་སྤྱི་འདོམས་སུ་བྱས་ཚེ་གཞི་ནས་ཆབ་སྲིད་ལས་ཁུངས་ཡིན་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་མངོན་གསལ་དོད་པའི་ངོ་བོ་ནམ་ཡང་གནས་ཐུབ་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་པ་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ཚེ་གཞི་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་འགན་ལེན་ཐུབ་རྒྱུ་རེད། 
     ཞི་ཅིན་ཕིང་གིས་བསྟན་གནང་དོན། སྣེ་འཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་འགན་གལ་ཆེན་ཨང་དང་པོ་དེ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པ་དང་འགོ་ཁྲིད་ཨང་དང་པོས་ལས་དོན་སྒྲུབ་པར་དང་ཐོག་རང་རྟོགས་ངང་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་དང་ཡང་ཡང་བསྡུར་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཡང་ཡང་བསྡུར་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་རྣམ་འགྱུར་གསལ་པོ་འཛིན་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་བ། རྟག་ཏུ་ཧེ་བག་དག་བཅོས་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་། ཏང་ཀྲུང་དབྱང་གི་གཏན་འབེབས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་པ་དེ་མཐའ་གཅིག་ཏུ་འགོག་པ་བཅས་བྱེད་དགོས། 
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་མདུན་གྲལ་དུ་བསྐྱོད་དེ་སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་མཐོ་རུ་གཏོང་བ་དང་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་དཔེ་སྟོན་ཡག་པོ་བྱས་ནས་རང་རྟོགས་དང་རང་རྟོགས་རང་འགུལ་གྱིས་སྦྱོང་བ་དང་། དུས་ཐོག་དང་རྗེས་སྙེག་གིས་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ། ལྷག་བསམ་རྣམ་དག་གིས་སྦྱོང་བ། དད་སེམས་བརྟན་པོ་ཡོང་བ་དང་འགན་འཁྲི་ཁུར་སེམས་ལྡན་པ། སྦྱངས་པ་གོ་ཆོད་པ་དང་ཉམས་ལེན་འབད་སྒྲུབ་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོན་འཁྱོལ་བྱེད་དགོས། 
      ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་མངོན་གསལ་དོད་པའི་སྟོན་ཕྱོགས་བཙུགས་ཏེ་སྒྲིག་འཛུགས་བྱེད་ནུས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་འགྱུར་མེད་སྟོབས་ལྡན་གྱི་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཞུན་བརྡར་བྱེད་དགོས། སྣེ་གཉིས་དམ་འཛིན་དང་བར་གྱི་སྣེ་ཁྲིད་བྱེད་པ་དང་། རྗེས་ལུས་མཁན་གྱིས་སྔོན་ཐོན་གྱི་རྗེས་སྙེག་པ། བར་གནས་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པ། སྔོན་ཐོན་གྱིས་དེ་བས་མདུན་སྐྱོད་བྱེད་པ་བཅས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པ་བྱེད་དགོས། 
      ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སྤྱོད་བཟང་སྒྲིག་ནན་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། སྣེ་ཁྲིད་དེ་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ལས་ཁུངས་འཛུགས་པ་བཅས་བྱས་ཏེ་མང་ཚོགས་ཀྱིས་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་དངོས་སུ་མྱོང་ཚོར་ཐུབ་པ་བྱེད་དགོས། “སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པའི་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས། 
     ཞི་ཅིན་ཕིང་གིས་བསྟན་གནང་དོན། སྤྱོད་གཙང་དང་འགན་འཁྲི་ཁུར་སེམས་དབར་གྱི་འབྲེལ་བ་ངེས་པར་དུ་ཐག་གཅོད་ཡང་དག་བྱེད་པ་ལས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་འགན་འཁྲི་མི་འཁུར་བ་དང་བྱས་རྗེས་མི་འཇོག་པའི་ཁ་གཡར་སར་གཏན་ནས་བརྩི་མི་རུང་། སྤྱོད་གཙང་དང་འགན་འཁྲི་འཁུར་སེམས་དང་སྲིད་བརྩོན་དང་སྲིད་གཙང་གཅིག་གྱུར་ཡོང་བ་བྱས་ཏེ་འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་། མཁྲེགས་སར་གཏུག་ཕོད་པ། ཛ་དྲག་ཆེ་བའི་ལས་འགན་འཁུར་ཐུབ་པ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བར་ངེས་པར་དུ་ཁྱད་ཆོས་དང་ཆོས་ཉིད་དབྱེ་ཞིབ་གཏིང་ཟབ་དང་སྟངས་འཛིན་ཡང་དག་བྱེད་དགོས། ཐུན་མོང་རང་བཞིན་དང་བྱེ་བྲག་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རིགས་པའི་གཞུང་ལུགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱ་ཐབས་སུ་འགྱུར་མཁས་པོ་བྱས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལག་ལེན་ཁྲོད་ཀྱི་གསར་གཏོད་ཉམས་མྱོང་ཕྱོགས་སྡོམ་དང་བཀོལ་སྤྱོད་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་རིམ་སྤོར་བྱས་ནས་དེའི་ནུས་པ་ཡུན་རིང་ཐོན་ཐུབ་པ་བྱེད་དགོས། 
      ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་འགན་འཁྲིའི་ལམ་ལུགས་ཀྱི“འགག་གནད”དེར་དམ་འཛིན་བྱེད་དགོས། སྡེ་ཚན་ཁག་གི་ཏང་ཙུའུ(ཏང་ཨུད)ཡིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུའི་རང་འགན་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་མི་བྱེད་པའི་འགན་ཤོར། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མི་བྱེད་པ་ནི་འགན་འཛོལ་བཅས་ཡིན་པའི་འདུ་ཤེས་ཟབ་ཏུ་བཏང་ནས“ཧྲུའུ་ཅིས་དམ་འཛིན་དང་། ཧྲུའུ་ཅིར་དམ་འཛིན”མཐའ་འཁྱོངས་བྱས་ཏེ་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་བྱས་ནས་འགན་འཁྲི་གསལ་པོ་དང་། འགན་འཁྲི་ལག་བསྟར། འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས། 
ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས།      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ནང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གནད་སྨིན་གནང་བ་དང་། དུས་བབ་གསར་པའི་འོག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་འགན་འཁྲི་དང་ལས་འགན་དང་། ལས་དོན་གཙོ་གནད། འགག་རྩའི་བྱ་ཐབས་བཅས་གསལ་བཤད་གཏིང་ཟབ་གནང་བ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད་ཅེས་གསུངས་པ་རེད། 

  
style="display:none;"