མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་འཛིན་མཁན་ཨ་པུ་ཀྲ་
པི་མུའུ་ཧན་མུའུ་ཏེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་24ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་འཛིན་མཁན་ཨ་པུ་ཀྲ་
པི་མུའུ་ཧན་མུའུ་ཏེ་དང་གྲོས་མོལ་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་འཛིན་མཁན་ཨ་པུ་ཀྲ་པི་མུའུ་ཧན་མུའུ་ཏེ་དང་གྲོས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ཟླ་7པར་ངས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་བྱས་པ་དང་ཆབས་ཅིག ང་ཚོས་ཐུན་མོང་ཐོག་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་ལག་སྦྲེལ་མཉམ་སྐྱོད་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་ཁྱབ་བསྒྲགས་བྱས་པ་ཡིན། ལོ་གཅིག་རིང་། ཕྱོགས་གཉིས་པོས་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱས་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་ངང་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། གོ་ལ་ཅན་དུས་སྐབས་སུ་མཉམ་ལས་གཉིས་ཁེ་ཡོང་བར་བྱེད་རྒྱུ་ནི་རྒྱལ་ཁབ་ཁག་མཉམ་གནས་ཀྱི་ཐབས་མཆོག་རེད། རང་ངོས་བཀག་སྡོམ་དང་ཁེར་རྐྱང་དུ་བསྡད་ཚེ་རང་ངོས་ཀྱི་ཁེ་ཕན་ལ་གནོད་འཚེ་ཕོག་རྒྱུ་ལས་མ་འདས། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམིགས་ཚད་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། གཉིས་ཕན་གཉིས་ཁེ་ཡིན་པ་བཅས་ནི་ལོ་བརྒྱའི་ཇུས་ཆེན་ཞིག་ཡིན། ད་ཆ་དེ་ས་ཁོངས་དང་། རིག་གནས། མི་རིགས་བཅས་མི་འདྲ་བའི་རྒྱལ་ཁབ་དབར་འཐབ་ཇུས་མཉམ་ལས་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བའི་ལོ་ཞིག་ཀྱང་ཡིན་པས་སྔ་འཛིན་ཕྱི་གཏོད་ཀྱི་དམིགས་བསལ་དོན་སྙིང་ལྡན་ཡོད། ཁྱེད་རང་དེའི་སྐབས་སུ་ཀྲུང་གོར་འཚམས་འདྲིར་ཕེབས་པས་ང་ཚོས་ལྷན་དུ《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་རྒྱུ་ཡིན། འདི་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་གལ་ཆེན་གཞན་ཞིག་རེད། ངས་ཁྱེད་རང་དང་ལྷན་དུ་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ནང་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་དུས་བབ་ལ་འགྱུར་ལྡོག་འགྲོ་བའི་བརྒྱུད་རིམ་ནང་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྣེ་ཁྲིད་དང་སྐུལ་འདེད་བཏང་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་ཐད་འབྲེལ་གཏུག་བྱེད་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་འདི་ཉིད་འཛམ་གླིང་དབུས་ཤར་ས་ཁུལ་གྱི་འཐབ་ཇུས་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ལ་བརྩིས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མཉམ་དུ་མཐུན་སྦྱོར་དང་རམ་འདེགས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་། ཕྱོགས་མང་རིང་ལུགས་དང་དྲང་གཞག་དྲང་བདེན་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་ངང་མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཕན་ཚུན་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། 2030ལོར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་གྲངས་ཨ་སྒོར་དུང་ཕྱུར་2000ཟིན་པའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་པ། ཧ་ལི་ཧྥ་གྲུ་ཁའི་དུས་ཐེངས་གཉིས་པའི་དོས་སྒམ་གྲུ་ཁ་དང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཐོན་ནུས་མཉམ་ལས་དཔེ་སྟོན་གླིང་གི་དཔེ་སྟོན་རྣམ་གྲངས་གཏོད་པ། ནུས་རྒྱུའི་ཁྱབ་ཁོངས་ཀྱི་ཡུན་རིང་དང་། བརྟན་པོ། ཕྱོགས་ཡོངས་བཅས་ཀྱི་འཐབ་ཇུས་མཉམ་ལས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཚོ་ཁུག་ས་ཁུལ་ཞི་བདེ་བརྟན་ལྷིང་ཡོང་བ་བྱེད་རྒྱུ་དེ་འཛམ་གླིང་དབུས་ཤར་ས་ཁུལ་ཙམ་མ་ཟད། ཐ་ན་འཛམ་གླིང་གི་བདེ་འཇགས་དང་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པས། “བདེ་འཇགས་སྔོ་ལྗོངས”སུ་མུ་མཐུད་འགྱུར་བ་ལས“ཟང་ཟིང་ཡོང་ཁུངས”གསར་པར་མི་འགྱུར་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ས་ཁུལ་འདི་གའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ལ་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། འབྲེལ་ཡོད་རྒྱལ་ཁབ་ཁག་གིས་བབ་བརླིང་བཟོད་སྒོམ་བྱེད་རྒྱུའི་རེ་འབོད་བྱས་ནས་རྙོག་དྲའི་སྒམ་ཆུང་མི་འབྱེད་པར་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག གླེང་མོལ་གྲོས་མོལ་བྱས་པ་བརྒྱུད་མི་མཐུན་ཆ་ཐག་གཅོད་དང་འགལ་བ་སེལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད།
     མུའུ་ཧན་མུའུ་ཏེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོའི་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ལ། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་གི་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ནི་ཀྲུང་གོའི་འཐབ་ཇུས་རོགས་ཟླ་ཡག་ཤོས་དེ་ཡིན། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་ས་ཁུལ་མཉམ་འབྲེལ་མཉམ་མཐུད་དང་འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དེའི་ནང་ཧུར་ཐག་ཞུགས་པ་དང་། ནུས་པ་དེ་བས་ཆེ་བ་འདོན་རྒྱུ་དང་ཆབས་ཅིག ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ལ་གྲོས་བསྡུར་བྱེད་འདོད་ཡོད། ཀྲུང་གོར་མ་འཇོག་དང་། ནུས་རྒྱུ་མཁོ་འདོན། ཚོང་དོན་གཞི་ཁྱོན་བཅས་ཆེ་རུ་བཏང་ནས་དངུལ་རྩ་དང་། མཁའ་འགྲུལ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཚན་རྩལ་ཁྱབ་ཁོངས་སུ་ཀྲུང་གོའི་ཀུང་སི་དང་མཉམ་ལས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"