མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་
དགུ་པ་གཙོ་སྐྱོང་གནང་ནས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་26ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ■ ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་ནི་རང་རེའི་ཏང་གིས་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན། སྒྱུར་བཅོས་ཇི་ཙམ་གཏིང་ཟབ་ཀྱི་ཕྱོགས་སུ་སླེབས་ན་དེ་ཙམ་གྱིས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པ་དང་། གོམ་པ་མགྱོགས་ལ་བརྟན་པོ་སྤོ་བ། དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བཅས་བྱེད་དགོས་པས་མཚམས་འཇོག་དང་ལྷོད་གཡེང་གཏན་ནས་བྱེད་མི་ཆོག “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྒྱུར་བཅོས་ཀྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་ནས་དཀའ་སྡུག་ལ་མི་འཛེམ་པར་མདུན་སྐྱོད་དང་འགག་སྒྲོལ་དཀའ་སེལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྐྱོན་ཆ་གསབ་པ་དང་ཞན་ཆ་ལེགས་སུ་གཏོང་བ། གསོན་ཤུགས་འཕེལ་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཁེ་ཕན་གྱི་མཁྲེགས་རྒྱ་ལས་བརྒལ་བ་དང་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་ཞན་ཆ་སེལ་དགོས།
     ཟླ་7ཚེས་24ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དགུ་པ་གཙོ་སྐྱོང་གནང་ནས་འཚོགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་ནི་རང་རེའི་ཏང་གིས་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན། སྒྱུར་བཅོས་ཇི་ཙམ་གཏིང་ཟབ་ཀྱི་ཕྱོགས་སུ་སླེབས་ན་དེ་ཙམ་གྱིས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པ་དང་། གོམ་པ་མགྱོགས་ལ་བརྟན་པོ་སྤོ་བ། དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བཅས་བྱེད་དགོས་པས་མཚམས་འཇོག་དང་ལྷོད་གཡེང་གཏན་ནས་བྱེད་མི་ཆོག “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྒྱུར་བཅོས་ཀྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་ནས་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་དང་འགག་སྒྲོལ་དཀའ་སེལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ་དང་ཞན་ཆ་ལེགས་སུ་གཏོང་བ། གསོན་ཤུགས་འཕེལ་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཁེ་ཕན་གྱི་མཁྲེགས་རྒྱ་ལས་བརྒལ་བ་དང་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་སེལ་བ་བཅས་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་རེད།
     ཚོགས་འདུའི་ཐོག《རྒྱལ་ཁབ་ཚན་རྩལ་མི་ཆོས་ཨུ་ལྷན་འཛུགས་རྒྱུའི་ཇུས་གཞི》དང《ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
      ཚོགས་འདུའི་ཐོག་བསྟན་དོན། ཚན་རྩལ་མི་ཆོས་ནི་ཚན་རྩལ་བྱེད་སྒོས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རིན་ཐང་གི་ཚད་འཛིན་ཞིག་ཡིན། རྒྱལ་ཁབ་ཚན་རྩལ་མི་ཆོས་ཨུ་ལྷན་འཛུགས་རྒྱུའི་དམིགས་ཡུལ་ནི་སྤྱི་འདོམས་ཚད་ལྡན་དང་མཛུབ་ཁྲིད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ་དང་། ཕྱོགས་སྟོན་ཁ་གསལ། ཚད་དང་མཐུན་ལ་གོ་རིམ་དང་ལྡན་པ། མཐུན་སྦྱོར་གཅིག་མཚུངས་བཅས་ཀྱི་ཚན་རྩལ་མི་ཆོས་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུར་དམིགས་ནས་ཞིབ་དཔྱད་དབང་སྤྲོད་དང་། སྲིད་འཛིན་སྲིད་སྐྱོང་། ཁྲིམས་འཛིན་སྲུང་སྐྱོང་། ཁྲུན་གཅོད་བར་འདུམ། ལས་རིགས་ཀྱི་རང་འདོམས་སོགས་ལྷུ་ཚིགས་ནས་སྲུང་སྐྱོང་ལས་དོན་གྱི་མ་ལག་ལ་སྒྱུར་བཅོས་བྱེད་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་བཅའ་ཁྲིམས་དང་། སྲིད་འཛིན། དཔལ་འབྱོར། ལག་རྩལ། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་ནས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྲུང་སྐྱོང་ནུས་པ་དང་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གཉིས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་ལུགས་ཀྱི་གསོ་བ་རིག་པ་དང་ཕྱི་ལུགས་ཀྱི་གསོ་བ་རིག་པ་ཕན་ཚུན་ཁ་གསབ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གི་མངོན་གསལ་དོད་པའི་ལེགས་ཆ་ཞིག་ཡིན།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོང་གསེབ་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ནི་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན།
ཚོགས་འདུའི་ཐོག་བསྟན་དོན། ལྕགས་རི་རིང་པོ་དང་། མིས་བཟོས་གཙང་པོ་ཆེན་པོ། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་བཅས་བསྐྲུན་པ་དེས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་དང་གསར་བརྗེའི་རིག་གནས་ཀྱི་བློ་སེམས་འགུགས་ཤུགས་ཆེན་པོ་མངོན་རྒྱུར་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དང་། གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་ས་སྣེ་བཅས་ཚོད་འཛིན་གྱི་ཐིག་གསུམ་སྤྱི་འདོམས་ངང་དབྱེ་མཚམས་འབྱེད་པ་དང་དོན་འཁྱོལ་བྱེད་པར་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་མཐུན་འཕྲོད་རང་བཞིན་གྱི་གདེང་འཇོག་རྨང་གཞིར་བྱས་ནས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྣོད་བཅུད་དང་། ཞིང་ལས། གྲོང་ཁྱེར་དང་གྲོང་རྡལ་སོགས་ཀྱི་བྱེད་ནུས་བར་མཐོངས་སྤྱི་འདོམས་བཀོད་ཇུས་བྱེད་པ་དང་ཆབས་ཅིག གཅིག་གྱུར་གྱི་གཞི་རིས་དང་། གཅིག་གྱུར་གྱི་ཚད་གཞི། གཅིག་གྱུར་གྱི་འཆར་འགོད། གཅིག་གྱུར་གྱི་ལས་སྟེགས་བཅས་ཀྱི་བླང་བྱ་གཞིར་བཟུང་། རིགས་དབྱེ་དོ་དམ་ཚོད་འཛིན་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། དྲ་སྦྲེལ་གྱི་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཛུགས་པ། དྭངས་གསལ་དྲ་རྒྱའི་བར་མཐོངས་གཏོད་པ་བཅས་བྱ་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད།
    ཚོགས་འདུའི་ཐོག་ནན་བཤད་གནང་དོན། ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་སྤེལ་བ་དང་། དེའི་ལས་འགན་གཙོ་བོ་ནི་པེ་ཅིང་དང་ཧྲང་ཧའེ་སོགས་སྨན་བཅོས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་དུ་སྨན་བཅོས་སྒྲིག་གཞི་ཕུལ་བྱུང་འགའ་ཞིག་བདམས་ནས་ཡན་ལག་ལྟེ་གནས་དང་ཉིང་ལག་སྒྲིག་གཞི་འཛུགས་པ་དང་སྨན་པ་དཀའ་བཅུ་པ་གང་སར་ཡོད་པ་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ནད་པ་མང་བ་དང་སྨན་བཅོས་ཐོན་ཁུངས་བལྟོས་བཅས་ཉམས་ཞན་གྱི་ས་ཁུལ་དུ་ས་ཁོངས་སྨན་བཅོས་ལྟེ་གནས་སྐྲུན་པ་དང་། མི་ཐབས་རིག་ནུས་དང་གྲངས་གཞི་ཆེ་མོ་སོགས་ཀྱི་སྔོན་ཐོན་ལག་རྩལ་གང་ལེགས་སྤྱད་དེ་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ཚོགས་པ་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཐོན་ལས་དང་སློབ་གསོ་ཟུང་འབྲེལ་གཏིང་ཟབ་བྱེད་པ་ནི་སློབ་གསོ་སྔོན་ལ་འཕེལ་རྒྱས་དང་། ཤེས་ལྡན་མི་སྣའི་སྣེ་ཁྲིད་འཕེལ་རྒྱས། ཐོན་ལས་གསར་གཏོད་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་རང་བཞིན་གྱི་བྱ་ཐབས་ཤིག་ཡིན། དེར་བརྟེན་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་།ཚོད་ལྟ་སྔོན་ལ་ལག་བསྟར། གྲོང་ཁྱེར་གྱི་ཐེག་ནུས་དང་། ལས་རིགས་ཀྱི་འདུས་འདྲེས་ནུས་པ། ཁེ་ལས་ཀྱི་བྱེད་པོའི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱེད་པ། སློབ་གསོའི་ཆོས་ཉིད་དང་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་སྤྱི་འདོམས་སྐུལ་འདེད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་བཅས་བྱས་ཏེ་སྤྱི་འདོམས་བཀོད་སྒྲིག་དང་མཐུན་སྦྱོར་སྐུལ་འདེད་གཏོང་དགོས།
      ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཧྲེན་ཀྲེན་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྣེ་འཁྲིད་དཔེ་སྟོན་ཁུལ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དམིགས་བསལ་ཁུལ་གསར་དུ་འཛུགས་པའི་འཐབ་ཇུས་དམིགས་ཡུལ་བརྟན་པོར་ངེས་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་པ། སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བའི་བླང་བྱ་ལག་ལེན་བསྟར་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཀོང་ཏུང་དང་ཤང་ཀང་ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེ་མོ་འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་ལ་དམ་འཛིན་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་གྲོང་ཁྱེར་གྱི་མིག་དཔེ་ཧུར་ཐག་གཏོད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཆིང་ཏའོ་རུ་ཀྲུང་གོ—ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་གནས་དཔལ་འབྱོར་ཚོང་དོན་མཉམ་ལས་དཔེ་སྟོན་ཁུལ་སྐྲུན་པའི་དམིགས་ཡུལ་གཙོ་བོ་ནི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་གསར་པ་བསྐྲུན་ནས་རྒྱལ་སྤྱིའི་ཟོག་འགྲེམས་དང་། དེང་རབས་ཀྱི་ཚོང་དོན། ཕྱོགས་གཉིས་ཀྱི་མ་འཇོག་མཉམ་ལས། ཚོང་ལས་ཡུལ་སྐོར་དང་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེ་མོའི་སྦྲེལ་ཟམ་གསར་པའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་དང་མཚོ་ཐོག་མཉམ་ལས་ཁྲོད་ཆིང་ཏའོ་ཡི་ནུས་པ་གང་ལེགས་སྤྱོད་པ། རང་རྒྱལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་དབར་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཤར་ནུབ་ཕྱོགས་གཉིས་ཀར་ཕན་ཚུན་རོགས་སྐྱོབ་དང་མཚོ་ཐོག་དང་སྐམ་སའི་ཕྱི་ནང་མཉམ་འགུལ་གྱི་སྒོ་དབྱེའི་ཆགས་སྟངས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་གསར་པར་དམིགས་ཏེ་དམིགས་སའི་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པའི་སྒྱུར་བཅོས་བྱ་ཐབས་ཁག་གཅིག་བཏོན་དགོས། གཞི་རིམ་ལ་བལྟ་བ་དང་གཞི་རིམ་དུ་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱིས་གསར་གཏོད་རང་བཞིན་དང་ཧེ་བག་ཅན་གྱི་སྒྱུར་བཅོས་མང་ཙམ་འཚོལ་ཞིབ་བྱ་རྒྱུར་སྐུལ་ལྕག་དང་། མཛུབ་ཁྲིད། རྒྱབ་སྐྱོར་བཅས་བྱས་ནས་གཞི་རིམ་གྱིས་འཚོལ་ཞིབ་གསར་གཏོད་བྱས་པའི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་དགོས།

  
style="display:none;"