མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་2019ལོའི་ཀྲུང་གོའི་སྨན་པ་དཀའ་བཅུ་པའི་དུས་ཆེན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ། རྒྱ་ཆེའི་སྨན་
དོན་པས་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། སྐྲན་ནད་སོགས་ནད་གཞི་
ཚབས་ཆེན་དང་བཅོས་དཀའ་བའི་ནད་རིགས་སྣ་ཚོགས་བཅོས་གང་ཐུབ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་8ཚེས་19ཉིན་ནི་ཀྲུང་གོའི་སྨན་པ་དཀའ་བཅུ་པའི་དུས་ཆེན་ཐེངས་གཉིས་པ་དེ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། སྨན་པ་ཕ་ཡིན་ནད་པ་སྙིང་རྗེས་སྐྱོང་། རྒྱ་ཆེའི་སྨན་དོན་པ་ནི་མི་དམངས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཀྱི་སྲུང་སྐྱོང་བ་ཡིན་པ་དང་། ཁོང་ཚོས་སྨན་རྩལ་མཐོ་པོ་དང་ཞབས་འདེགས་སྤུས་ལེགས་བརྟེན་ནས་མི་དམངས་ཀྱི་བདེ་ཐང་གི་བདེ་རྩ་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ། བདེ་ཐང་ཀྲུང་གོ་འཛུགས་སྐྱོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེར་བརྟེན་ཀྲུང་གོའི་སྨན་པ་དཀའ་བཅུ་པའི་དུས་ཆེན་ཤར་བའི་མཚམས་སུ། རྒྱལ་ཡོངས་སྨན་དོན་པར་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་གི་ཡིན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན། གསོ་རིག་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་སྨན་དོན་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་ཡག་པོ་དང་། སྨན་དོན་པར་སྔར་བས་ཐུགས་ཁུར་དང་གཅེས་སྐྱོང་། གསོ་སྐྱོང་བེད་སྤྱོད་དང་གླ་ཕོགས་ལྕགས་སྐུལ་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན། སྨན་ཁང་དང་ནད་པའི་ཞི་མཐུན་འབྲེལ་བ་འཛུགས་པ། སྤྱི་ཚོགས་ཡོངས་ཀྱིས་སྨན་པར་བརྩི་འཇོག་དང་གཙང་སྦྲ་འཕྲོད་བསྟེན་ལ་སྣང་ཆེན་བྱེད་པར་ཁྲིད་སྟོན་བཅས་བྱེད་དགོས། རྒྱ་ཆེའི་སྨན་དོན་པ་ཚོས་ཚེ་སྲོག་ལ་གཅེས་སྐྱོང་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་བ། གཅེས་སེམས་ལྷག་པར་འཆང་བ་བཅས་ཀྱི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་ནས། སྨན་པའི་ཀུན་སྤྱོད་ལེགས་སུ་གཏོང་བ་དང་། བྱམས་སེམས་འཆང་བཞིན་སྨན་བཅོས་བྱེད་པ། སྐྲན་ནད་སོགས་ནད་གཞི་ཚབས་ཆེན་དང་བཅོས་དཀའ་བའི་ནད་རིགས་སྣ་ཚོགས་བཅོས་གང་ཐུབ། སྨན་བཅོས་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་དང་འགན་ལེན་དེ་བས་ལེགས་པར་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་བའི་ཐུགས་རེ་གནང་བ་རེད།
     2019ལོའི་ཀྲུང་གོའི་སྨན་པ་དཀའ་བཅུ་པའི་དུས་ཆེན་གྱི་སྔོན་ཐོན་དཔེ་མཚོན་སྙན་ཞུའི་ཚོགས་འདུ་ཚེས་19ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་སྙན་ཞུའི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་རྒྱལ་ཡོངས་སྨན་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་མ་ཟད། འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་ནན་ཏན། མི་དམངས་བདེ་ཐང་གི་སྲུང་སྐྱོང་བ་དང་། བདེ་ཐང་ཀྲུང་གོའི་སྐུལ་འདེད་པ། སྨན་པ་བྱམས་སེམས་ཅན་གྱི་ལག་ལེན་པ་བཅས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་ཏན་ཏིག་ཁུར་ཏེ། མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་བདེ་རྩ་ཟམ་མི་ཆད་པར་ལེགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"