མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་ཟུར་པ་མུའུ་ཅཱ་པེ་སྐུ་གཤེགས་པར་ཙམ་པབ་ཝེའི་
ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་09ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་ཟུར་པ་མུའུ་ཅཱ་པེ་སྐུ་གཤེགས་པར་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་དང་ཁོང་སྐུ་སྒེར་གྱི་མཚན་ཐོག་ནས། ཙུང་ཐུང་ཟུར་པ་མུའུ་ཅཱ་པེ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་ཆབས་ཅིག་ཙམ་པབ་ཝེ་སྲིད་གཞུང་དང་མི་དམངས་དང་དེ་བཞིན་སྐུ་ཞབས་མུའུ་ཅཱ་པེའི་གཉེན་ཉེ་རྣམས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཡང་ཞུས་གནང་བ་རེད།
        ཞི་ཅིན་ཕིང་གིས། སྐུ་ཞབས་མུའུ་ཅཱ་པེ་ནི་ཙམ་པབ་ཝེ་དང་ཨ་ཧྥེ་རི་ཁའི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་མི་རིགས་བཅིངས་འགྲོལ་ལས་འགུལ་གྱི་འགོ་ཁྲིད་པ་ཡིན་ལ། ཁོང་སྐུ་འཚོ་བཞུགས་སྐབས། ཀྲུང་གོར་འཚམས་འདྲི་ཐེངས་མང་གནང་ནས། ཀྲུང་ཙམ་དང་ཡང་ན་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ལ་ལེགས་སྐྱེས་རྨད་དུ་བྱུང་བ་ཕུལ་ཡོད། ཁོང་སྐུ་གཤེགས་པ་དེ་ནི་ཙམ་པབ་ཝེའི་མི་དམངས་ཀྱི་གྱོང་གུན་ཆེན་པོ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་ལ་ཡང་གྲོགས་པོ་རྙིང་པ་ཞིག་དང་གྲོགས་པོ་ཡག་པོ་ཞིག་མེད་པར་གྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཙམ་དབར་གྱི་ཕུ་ནུ་ལྟ་བུའི་སྲོལ་རྒྱུན་གྱི་མཛའ་གྲོགས་ལ་གཅེས་སྤྲས་བྱས་ནས། ཙམ་པབ་ཝེའི་སྲིད་གཞུང་དང་མི་དམངས་དང་མཉམ་དུ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཁྱོན་ཆེ་རུ་དང་ཟབ་ཏུ་བཏང་ནས། ཀྲུང་ཙམ་དབར་གྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 

  
style="display:none;"