མི་དམངས་དྲ་བ།

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོ་མི་
དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་
ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་23ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     འདི་ག་ཚགས་པར་ཁང་གི་གསར་འགོད་པ། ལི་ཁྲང་ཡུས་དང་དབྱང་ཧའོ་ཡིས། ཟླ་9ཚེས་20ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ། ཚོགས་ཞུགས་འཐུས་མི་དང་སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་ནི་མཐོ་གཟིགས་འོག་བསྐྱངས་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡིན་པས་དེའི་ཐོག་ནས་བདེན་དོན་གྱི་གཟི་འོད་འཕྲོ་བ་དང་། “གདེང་ཚོད་བཞི”འབུར་དུ་མངོན་པ། མི་དམངས་སྲིད་གྲོས་བྱ་གཞག་གི་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པ། ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་སྟངས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་པ། ཏང་གི་མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་སྔར་བས་ཕུན་སུམ་ཚོགས་པོ་དང་འཕེལ་རྒྱས་བྱུང་བ། དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུར་སྔར་ལས་ལྷག་པའི་སྒོ་ནས་ཁ་ཕྱོགས་གསལ་པོར་བསྟན་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དེས་ན་ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་བཤད་པ་རེད།
     མི་དམངས་སྲིད་གྲོས་ཀྱིས་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱས་པ།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང“ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག མི་དམངས་སྲིད་གྲོས་ཀྱིས་བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་ཞབས་འདེགས་ཞུས་ནས་ཀྲུང་གོ་གསར་པ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་རབས་གལ་ཆེན་ཁག་ནང་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་འདོན་སྤེལ་བྱས་ཡོད”ཅེས་བསྟན་གནང་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་གནང་བ་དེ་ཐོག་ནས། མི་དམངས་སྲིད་གྲོས་ཞེས་བྱ་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་བཀོད་སྒྲིག་གི་ཁྱད་འཕགས་རང་བཞིན་གསལ་པོར་མངོན་གྱི་འདུག་ཅེས་ཚང་མས་ངོས་འཛིན་གཅིག་མཐུན་བྱས་པ་རེད།
    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་མི་དམངས་སྲིད་གྲོས་ཀྱི་ནུས་པ་དང་གནས་བབ་རགས་བསྡུས་ཆེན་པོ་གནང་འདུག”རྒྱལ་ཡོངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡེ་ཞའོ་ཝུན་གྱིས། མི་དམངས་སྲིད་གྲོས་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་གྱི་སྒྲིག་གཞི་ཞིག་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་བཀོད་སྒྲིག་ཅིག་བཅས་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག བསམ་བློ་ཆབ་སྲིད་ཀྱིས་སྣེ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ། བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱེད་པ། བློ་གཅིག་སེམས་གཅིག་དང་ཕྱར་བ་གྲུ་འདེགས་བཅས་ཀྱི་ཐོག་ནས་བྱ་བ་ཆེན་པོ་དེ་ལེགས་པར་སྒྲུབ་དགོས་ཞེས་བཤད་པ་རེད།
     མི་དམངས་སྲིད་གྲོས་འདི་ཉིད“གཡུལ་ས་གལ་ཆེན”དང་། “ལས་སྟེཌ་གལ་ཆེན” “ཐབས་ལམ་གལ་ཆེན”བཅས་སུ་འགྱུར་བ་བྱེད་དགོས།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང“ཕན་འབྲས་ལྡན་པའི་ལས་དོན་བསྒྲུབས་པ་བརྒྱུད། མི་དམངས་སྲིད་གྲོས་འདི་ཉིད་ལས་དོན་ཁག་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་གཡུལ་ས་གལ་ཆེན་དང་། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་མི་སྣར་མཐུན་སྒྲིལ་དང་། སློབ་གསོ། ཁྲིད་སྟོན་བཅས་བྱེད་པའི་ལས་སྟེགས་གལ་ཆེན། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་འགལ་ཟླ་སེལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཐབས་ལམ་གལ་ཆེན་བཅས་ལ་ཧུར་ཐག་འགྱུར་བ་བྱེད་དགོས”ཞེས་བསྟན་གནང་ཡོད།      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནང་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཤིག་ཡིན་པའི་མི་དམངས་སྲིད་གྲོས་ཀྱིས་དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག མི་སེམས་དང་། ཐུན་མོང་ངོས་འཛིན། བློ་གྲོས། སྟོབས་ཤུགས་བཅས་གཅིག་ཏུ་བསྒྲིལ་བའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་གཅིག་སྡུད་ཐོག་གསལ་བཤད་གནང་བ་དང་། མི་དམངས་སྲིད་གྲོས་ཀྱི་ལས་འགན་བསྒྲུབ་རྒྱུར་བླང་བྱ་སྔར་བས་ཟབ་པ་བཏོན་གནང་འདུག་ཅེས་ཚང་མས་ངོས་འཛིན་གཅིག་མཐུན་བྱས་པ་རེད།
     “ཏང་ཀྲུང་དབྱང་གི་མིང་ཐོག་ནས་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་གྱི་ཡོད། དེ་ནི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ང་་་ན་ཏང་གསར་བ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ལིའུ་ཅ་ཆང་གིས་བཤད་པ་དང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གནང་རིང་། བསམ་བློ་ཆབ་སྲིད་ཀྱིས་སྣེ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་ཡོད། ལྷག་པར་དུ་མི་དམངས་སྲིད་གྲོས་འདི་ཉིད‘གཡུལ་ས་གལ་ཆེན’དང་། ‘ལས་སྟེགས་གལ་ཆེན’‘ཐབས་ལམ་གལ་ཆེན’བཅས་སུ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་ཀྱང་གནང་ནས། མི་དམངས་སྲིད་གྲོས་ཀྱི་འགན་སྒྲུབ་བར་སྟོང་ཆེ་རུ་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ཡོད”ཅེས་བཤད་པ་རེད།
     རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་ལས་འགན་གཙང་སྒྲུབ་ཀྱིས་བྱ་གཞག་སེམས་སུ་འཇོག་པ་དང་འགན་འཁྲི་ཕྲག་ཏུ་འཁུར་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་རིང་། “རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་ལས་འགན་གཙང་སྒྲུབ་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། བྱ་གཞག་སེམས་སུ་འཇོག་པ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་ཨུ་ཡོན་གྱི་འགན་འཁྲི་ནན་ཏན་ངང་སྒྲུབ་དགོས”ཞེས་བསྟན་གནང་ཡོད།
     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་ཁ་ཕྱོགས་དང་ཐབས་ལམ་གསལ་པོར་བསྟན་པས་ང་ཚོ་མདུན་དུ་སྐྱོད་པའི་སྒུལ་ཤུགས་དེ་བས་ཆེ་རུ་ཕྱིན་སོང”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོ་སྙིང་ཁོག་ཁྲག་རྩའི་སྦྲིད་བྱེད་རིག་པ་མཐུན་ཚོགས་ཀྱི་དྲུང་ཆེ་ཨའོ་ཧུའུ་ཧྲན་གྱིསབཤད་པ་དང་། ཁོང་གིས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ང་ཚོས་ངེས་པར་དུ་འགན་སྒྲུབ་ལས་དོན་གྱི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་། དེ་བཞིན་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་ལས་འགན་གཙང་སྒྲུབ་ཀྱི་བྱེད་སེམས་པ་ཡོད་པ། རང་ཉིད་ཀྱི་ཆེད་ལས་ཁྱབ་ཁོངས་དང་ཟུང་འབྲེལ། མང་ཚོགས་ཀྱིས་སེམས་ཁུར་བྱེད་ལ་དགོས་གཏུག་ཆེ་བའི་གནད་དོན་དང་རྒྱལ་ཁབ་འཕེལ་རྒྱས་ཁྲོད་འཕྲལ་མར་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་དམ་པོར་དམིགས་ཏེ་བརྟག་ཞིབ་གཏིང་ཟབ། གནད་དོན་ཐག་གཅོད་བྱ་ཆེད་ཐབས་ཇུས་གནད་འཁེལ་འདོན་པ། རྒྱལ་ཁབ་ཀྱི་སེམས་ཁྲལ་སེལ་རོགས་དང་མི་དམངས་ཀྱི་དཀའ་ངལ་སེལ་རོགས་དངོས་འབྲེལ་བྱེད་དགོས་ཞེས་བཤད་པ་རེད།

  
style="display:none;"