མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་པོའི་ནང་རང་རྒྱལ་གྱི་བདམས་ཐོན་པར་ཕུལ་བྱུང་
གྲུབ་འབྲས་ཐོབ་པར་མཛུབ་སྟོན་དང་ནན་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་25ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཡག་ཐོག་ཡག་བརྩེགས་ཀྱི་བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས། རྒྱ་ཆེའི་གཞོན་ནུ་རྣམས་ལ་རྩལ་ནུས་ལ་བརྟེན་ནས་འཇོན་ཐང་ཅན་དུ་འགྱུར་བ་དང་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་རྒྱུའི་སྐུལ་ལྕག་གཏོང་དགོས།
  ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐབས་45པའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་པོའི་ནང་རང་རྒྱལ་གྱི་རྩལ་ནུས་བདམས་ཐོན་པར་ཕུལ་བྱུང་གྲུབ་འབྲས་ཐོབ་པར་མཛུབ་སྟོན་དང་ནན་བཤད་གལ་ཆེན་གནང་བ་དང་སྦྲགས། རང་རྒྱལ་གྱི་འགྲན་ཞུགས་བདམས་ཐོན་པ་དང་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་མཁན་གྱི་བློ་མཐུན་རྣམས་ལ་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་འགྲོ་བར་ངལ་རྩོལ་པའི་བྱང་ཚད་ནི་ཧ་ཅང་གལ་འགངས་ཆེན་པོ་རེད། ལག་རྩལ་བཟོ་པའི་དཔུང་ཁག་ནི་ཀྲུང་གོས་བཟོས་པ་དང་ཀྲུང་གོའི་གསར་གཏོད་ལ་འདེགས་སྐྱོར་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ལྡན་ཡོད། རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་དང་། བེད་སྤྱོད། གདེང་འཇོག སྐུལ་ལྕག་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། ལག་རྩལ་བཟོ་པའི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གཞི་ཁྱོན་ཆེན་པོས་ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་བྱེད་པ། བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་རྩལ་ནུས་ཀྱི་ཤེས་ལྡན་པ་འབོར་ཆེན་གང་མགྱོགས་གསོ་སྐྱོང་བཅས་བྱེད་དགོས། སྤྱི་ཚོགས་ཡོངས་སུ་ཡག་ཐོག་ཡག་བརྩེགས་ཀྱི་བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱ་ཆེའི་གཞོན་ནུ་རྣམས་ལ་རྩལ་ནུས་ལ་བརྟེན་ནས་འཇོན་ཐང་ཅན་དུ་འགྱུར་བ་དང་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་རྒྱུའི་སྐུལ་ལྕག་གཏོང་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། རང་རྒྱལ་གྱིས་2021ལོར་སྐབས་46པའི་ཧྲང་ཧའེ་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་པོ་གཉེར་རྒྱུ་ཡིན་པས། གྲ་སྒྲིག་དང་སྒྲིག་འཛུགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། རྒྱལ་ཁབ་ཁག་དབར་རྩལ་ནུས་ཁྱབ་ཁོངས་སུ་སྤེལ་རེས་དང་དཔྱད་གཞི་འཛིན་རེས་ལ་ཤུགས་སྣོན་བརྒྱབ་སྟེ། རང་རྒྱལ་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་གྲུབ་འབྲས་དང་ཆུ་ཚད་མངོན་པ་བཅས་བྱས་ནས་བསམ་བཀོད་གསར་པ་འདུས་པ་དང་ཤུགས་རྐྱེན་ཆེ་བའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་པོ་ཞིག་ནུས་ཤུགས་ཡོད་རྒུས་གཉེར་དགོས།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས། རྩལ་ནུས་ཤེས་ལྡན་པ་ནི་རྒྱལ་ཁབ་ཀྱི་རྩ་ཆེའི་ཐོན་ཁུངས་ཤིག་ཡིན་ལ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་དང་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་ལ་སྔར་བས་མཐོང་ཆེན་དང་། ལས་རིགས་རྩལ་ནུས་ཆེར་གཏོང་གི་བྱ་སྤྱོད་ཡག་པོ་སྤེལ་བ། དགོས་མཁོ་གཞིར་བཟུང་དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བ། ལག་རྩལ་བཟོ་པའི་སློབ་གླིང་ཡག་པོ་གཉེར་བ། ལག་རྩལ་བཟོ་པའི་ལས་རིགས་འཕེལ་རྒྱས་ཀྱི་ལམ་སྲོལ་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ལ་མཁོ་བའི་རྩལ་ནུས་ཤེས་ལྡན་པ་དེ་བས་མང་བ་དང་རྒྱལ་ཁབ་ཆེན་པོའི་བཟོ་བོ་འབོར་ཆེན་ཐོན་པ་དང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་ལ་བརྟེན་ནས་སྒུལ་ནུས་གསར་པ་འཚར་ལོངས་སྟོབས་ཆེར་འགྲོ་བ་དང་ལས་ཞུགས་འཕར་རྒྱུར་སྐུལ་འདེད་གཏོང་དགོས། དུས་མཚུངས་རྩལ་ནུས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་སྐབས་46པའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་པོ་གཉེར་བའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས། རྒྱ་ཆེའི་གཞོན་ནུས་རྩལ་ནུས་སྦྱོང་བ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་རྣམ་པ་ཟབ་མོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།      འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་པོ་ལོ་གཉིས་རེར་སྐབས་རེ་གཉེར་བ་དེར“འཛམ་གླིང་རྩལ་ནུས་ཀྱི་ཨོ་ལིམ་ཕིག”ཅེས་སུ་གྲགས། འདི་ལོའི་ཟླ་བརྒྱད་པར་ཨུ་རུ་སུའི་གྲོང་ཁྱེར་ཁ་ཧྲན་དུ་སྐབས་45པའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་པོ་གཉེར་བ་དང་། འགྲན་བསྡུར་ནང་རང་རྒྱལ་གྱི་བདམས་ཐོན་པར་གསེར་གྱི་རྟགས་མ་16དང་། དངུལ་གྱི་རྟགས་མ་14 ཟངས་ཀྱི་རྟགས་མ་5 ཕུལ་བྱུང་བྱ་དགའ་17བཅས་རག་སྟེ། གསེར་གྱི་རྟགས་མ་དང་། བྱ་དགའ། ཚོགས་པའི་སྐར་གྲངས་བསྡོམས་འབོར་བཅས་ཀྱི་ཨང་དང་པོ་ཐོབ་པ་རེད།

  
style="display:none;"