མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་
ཕེབས་པ་དང་ཆབས་ཅིག་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ། སྒོ་དབྱེ་མཉམ་ལས་དང་། 
སྒོ་དབྱེ་གསར་གཏོད། སྒོ་དབྱེ་མཉམ་སྤྱོད་བཅས་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་དུ་བསྐྲུན་རྒྱུའི་
གྲོས་འགོ་བཏོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་07ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་
ཕེབས་པ་དང་ཆབས་ཅིག་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ། སྒོ་དབྱེ་མཉམ་ལས་དང་། 
སྒོ་དབྱེ་གསར་གཏོད། སྒོ་དབྱེ་མཉམ་སྤྱོད་བཅས་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་དུ་བསྐྲུན་རྒྱུའི་
གྲོས་འགོ་བཏོན་པ།

     ཟླ་11ཚེས་5ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཧྲང་ཧའེ་རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་ཆབས་ཅིག《སྒོ་དབྱེ་མཉམ་ལས་དང་ལས་དབང་མཉམ་འབྲེལ》ཞེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ཞིང་། འདི་ནི་འགོ་ཚུགས་མཛད་སྒོ་མ་འཚོག་གོང་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།
      འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཧྲང་ཧའེ་རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་ཆབས་ཅིག《སྒོ་དབྱེ་མཉམ་ལས་དང་ལས་དབང་མཉམ་འབྲེལ》ཞེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ནས་རྒྱལ་ཁབ་ཁག་གིས་དེ་བས་སྒོ་དབྱེའི་བསམ་ཕྱོགས་དང་བྱེད་ཐབས་ཀྱི་ཐོག་ནས་སྒོ་དབྱེ་མཉམ་ལས་དང་། སྒོ་དབྱེ་གསར་གཏོད། སྒོ་དབྱེ་མཉམ་སྤྱོད་བཅས་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་དུ་སྐྲུན་དགོས་པའི་ནན་བཤད་གནང་བ་དང་། ཀྲུང་གོའི་སྒོ་དབྱེའི་རྒྱལ་སྒོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་རྒྱུ་དང་། ཀྲུང་གོས་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་། འཕེལ་རྒྱས། གསར་གཏོད་བཅས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་བསྐྱར་དུ་གསལ་ཁ་གཏོད་པ་རེད།
     སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་དང་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་ལྷན་དུ་ཚོགས་རར་ཕེབས་པ་རེད།
     སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཞི་ཅིན་ཕིང་གིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ལོ་གཅིག་གོང་ང་ཚོས་འདི་གར་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་ཡིན། དེ་རིང་གྲོགས་པོ་དེ་བས་མང་བ་ཁ་ཆད་ལྟར་འདི་གར་འཛོམས་ཡོད། གྲོགས་པོ་རྣམ་པ་སྤྲོ་སེམས་འཕེལ་བའི་ངང་འདི་གར་ཡོང་བ་དང་བློ་ཡིད་ཚིམ་པོའི་ངང་ཕྱིར་ལོག་ཐུབ་པའི་ཡིད་ཆེས་ཡོད། ངས་ན་ནིང་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་ཐོག་ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་བྱ་ཐབས་ཁག་5ཁྱབ་བསྒྲགས་བྱས་པ་དང་། ཧྲང་ཧའེ་ལ་སྒོ་དབྱེའི་བླང་བྱ་ཁག་3བཏོན་པ་ཡིན། ལོ་གཅིག་རིང་། སྒོ་དབྱེའི་བྱ་ཐབས་འདི་དག་སྤྱིར་ན་དོན་འཁྱོལ་ཐུབ་འདུག་ཅེས་གསུངས་པ་རེད།
      ཞི་ཅིན་ཕིང་གིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་རེད། གནས་ཚུལ་ཁག་གཅིག་ཡང་བསྐྱར་ཐོན་སྲིད་པ་དང་། དཀའ་ངལ་མང་དག་ཅིག་འཕྲད་རྒྱུ་ཡིན་མོད། འོན་ཀྱང་གཙང་པོ་དང་ཆུ་བོ་ཆེན་པོ་མདུན་ཕྱོགས་སུ་ལང་ལོང་དུ་རྒྱུག་པའི་རྣམ་པ་སུ་ཞིག་གིས་ཀྱང་འགོག་ཐབས་མེད། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་འཕྲད་སྐབས་རྒྱལ་ཁབ་གང་རུང་ཞིག་གིས་ཁེར་རྐྱང་ངང་ཐག་གཅོད་བྱེད་མི་ཐུབ། རྒྱལ་ཁབ་ཁག་གིས་མིའི་རིགས་སྔོན་འཇོག་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་དེ་བས་སྒོ་དབྱེའི་བསམ་ཕྱོགས་དང་བྱ་ཐབས་ཀྱི་ཐོག་ནས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་ཁྲོམ་ར་མུ་མཐུད་རྒྱ་ཆེར་གཏོང་བ་དང་། གོ་ལ་ཧྲིལ་པོའི་མཉམ་སྤྱོད་ཀྱི་ལམ་སྲོལ་ཏན་ཏིག་བཟོ་བ། གོ་ལ་ཧྲིལ་པོའི་མཉམ་ལས་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱེད་དགོས་པ་དང་འབྲེལ། ཐུན་མོང་ཐོག་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་སྒུལ་ཤུགས་ཇི་ཙམ་ཆེ་རུ་བཏང་ན་དེ་ཙམ་གྱིས་ལེགས་པ་དང་། འགལ་རྐྱེན་ཇི་ཙམ་ཆུང་དུ་བཏང་ན་དེ་ཙམ་གྱིས་ལེགས་པ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་གྲོས་འགོ་ཁ་ཤས་བཏོན་གནང་བ་སྟེ།
     གཅིག སྒོ་དབྱེ་མཉམ་ལས་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་དུ་སྐྲུན་དགོས་པ་དང་།
     གཉིས། སྒོ་དབྱེ་གསར་གཏོད་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་དུ་སྐྲུན་དགོས་པ།
     གསུམ། སྒོ་དབྱེ་མཉམ་སྤྱོད་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་དུ་སྐྲུན་དགོས་པ་བཅས་རེད།
      ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཀྲུང་གོས་སྒོ་དབྱེའི་རྒྱལ་སྒོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་རྒྱུ་རེད། ང་ཚོས་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་། འཕེལ་རྒྱས། གསར་གཏོད་བཅས་ལ་སྐུལ་འདེད་མཐའ་འཁྱོངས་བཏང་སྟེ་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་སྟེ།
     གཅིག ཁྲོམ་རའི་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་བ་དང་།
     གཉིས། སྒོ་དབྱེའི་རྣམ་པ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ།
     གསུམ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ།
     བཞི། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ།
      ལྔ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་འབྱུང་འགྱུར་ལ་ཕྱོགས་སྐབས། ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མུ་མཐུད་ལག་ལེན་བསྟར་བ་དང་། སྒུལ་ནུས་གསར་པ་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་དང་ཆེ་རུ་གཏོང་བ། བྱ་ཐབས་སྒྱུར་བ་དང་། གྲུབ་ཆ་ལེགས་སྒྲིག སྒུལ་ཤུགས་ཆེ་རུ་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་འཕར་ཆེད་གོ་སྐབས་གསར་པ་དེ་བས་མང་བ་སྐྲུན་གྱི་ཡིན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་འོད་སྟོང་ལྡན་པ་ཡོང་ངེས་ཡིན་ལ། འོད་སྟོང་དེ་བས་ལྡན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     མཇུག་ཏུ། ཞི་ཅིན་ཕིང་གིས་ཡུན་རིང་གི་ལོ་རྒྱུས་ལ་བལྟས་ན། ཀྲུང་གོའི་འཕེལ་རྒྱས་ནི་མིའི་རིགས་ཧྲིལ་པོའི་ཡར་ཐོན་ལ་གཏོགས་པའི་རླབས་ཆེན་གྱི་བྱ་གཞག་ཅིག་རེད། ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་ཁབ་ཁག་ལ་ཁྲོམ་རའི་གོ་སྐབས་དང་། མ་དངུལ་འཇོག་པའི་གོ་སྐབས། འཕར་བའི་གོ་སྐབས་བཅས་དེ་བས་མང་བ་མཁོ་འདོན་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་ཀྱི་ཡིན། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་སྐྲུན་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་བའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
      ཞི་ཅིན་ཕིང་གིས་གཏམ་བཤད་གནང་རིང་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཐེངས་མང་གྲགས་པ་རེད།
      དེ་རྗེས། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་། ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐ་ཅི་སི། ཅ་མེ་ཁའི་ཙུང་ལི་ཧོར་ཉི་སི། སར་པི་ཡའི་ཙུང་ལི་པུར་ན་པི་ཆི། དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་ཀྲང་ཏི་མ་གཡོད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙེ་ཝེ་ཏོ་བཅས་ཀྱིས་ཁག་སོ་སོར་ཤིས་ཚིག་གསུངས་པ་རེད། ཁོ་ཚོས་ཀྲུང་གོས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་གཉེར་བར་ཚད་མཐོའི་གདེང་འཇོག་གནང་སྟེ་བྱ་ཐབས་འདི་ནས་ཀྲུང་གོའི་འགོ་ཁྲིད་མི་སྣའི་གཟིགས་རྒྱང་རིང་བའི་དགོངས་ཚུལ་མངོན་པ་དང་། ཀྲུང་གོའི་སྒོ་དབྱེ་དང་། ཁོང་ཡངས་ཀྱི་སྙིང་སྟོབས། དེ་བཞིན་བྱ་སྤྱོད་དངོས་ལ་བརྟེན་ནས་དཔལ་འབྱོར་གོ་ལ་ཅན་དང་རང་མོས་ཚོང་དོན་གྱི་མ་འཇོག་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་དྲང་སེམས་མངོན་པའི་ངོས་འཛིན་གནང་བ་རེད།
      ཚོགས་ཞུགས་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣས་ཀྲུང་གོ་ནི་དཔལ་འབྱོར་གོ་ལ་ཅན་གྱི་སྒུལ་ཤུགས་གལ་ཆེན་དང་རྒྱལ་སྤྱིའི་ཚོང་དོན་བརྟན་པོ་ཡོང་བའི་གནད་འགག་ཆེན་པོ་ཞིག་རེད། དུས་རབས་21པར་རྒྱལ་ཁབ་དང་རྒྱལ་ཁབ་དབར་ཕན་ཚུན་རྟེན་ཤུགས་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དུས་རབས་ཀྱི་རྒྱབ་ལྗོངས་འོག་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་ལས་རང་ངོས་བཀག་སྡོམ་མི་བྱེད་པ་དང་། མཉམ་ལས་ཧུར་ཐག་བྱེད་པ་ལས་རང་ཉེས་གཞན་འགེལ་མི་བྱེད་པ། གཉིས་ཁེ་གཉིས་ཕན་ལས་གཞན་གནོད་རང་ཕན་མི་བྱེད་པ་བཅས་བྱས་ཚེ། གཞི་ནས་རང་ངོས་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་ཐུབ་ངེས་ཡིན་པ་ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེའི་གྲུབ་འབྲས་ལས་ར་འཕྲོད་ནུས་ལྡན་ཐུབ་ཡོད། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་རྒྱུན་མཐུད་ཆེ་རུ་བཏང་སྟེ་འཛམ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ཆེ་བ་སྐྲུན་ངེས། ཕྱོགས་ཁག་གིས་ཀྲུང་གོའི་འཕེལ་རྒྱས་དང་སྒོ་དབྱེའི་གོ་སྐབས་དམ་འཛིན་བྱས་ནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་གསུངས་པ་རེད། 
     འགོ་ཚུགས་མཛད་སྒོ་མ་འཚོགས་གོང་། ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་ལྷན་བཞུགས་སྐུ་པར་བསྒྲོན་པ་དང་ཆབས་ཅིག འཛམ་གླིང་གི་ཁེ་ལས་རབ་གྲས་500ཡི་འཐུས་མི་དང་། “ལོ་ངོ་70རིང་གི་ཀྲུང་གོའི་འཕེལ་རྒྱས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ཀྱི་གླེང་སྟེགས་ལ་ཞུགས་མཁན་ཕྱི་རྒྱལ་རིག་མཛོད་སྨྱན་སྦྱོར་གྱི་འཐུས་མི། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་ཚོགས་འདུ་ཆུང་གྲས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་པུའུ་ཀྲང་དང་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད།
      ཏིང་ཞུའེ་ཞང་དང་། ལི་ཆང་། དབྱང་ཅེ་ཁྲེ། ཧུའུ་ཁྲུན་ཧྭ། ཧོང་ཁུན་མིང་། ཝང་དབྱི། ཀྲའོ་ཁེ་ཀྲི། ཧོ་ལི་ཕུང་སོགས་གོང་གསལ་གྱི་མཛད་སྒོར་ཞུགས་ཡོད་པ་རེད།
     ཧུའུ་ཁྲུན་ཧྭས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
     ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཟླ་11ཚེས་5ནས་10ཉིན་བར་འཚོག་རྒྱུ་ཡིན་ཞིང་། ཁྱོན་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་181ཚོགས་འདུར་ཞུགས་པ་དང་། ཁེ་ལས་3800ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད་པ་རེད།
     དེ་ཉིན། ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་གཉེར་ནས་གོ་ལ་ཧྲིལ་པོའི་སྲིད་དོན་ཚོང་ལས་དང་རིག་གཞུང་ཞིབ་འཇུག་ལས་རིགས་ཁག་གི་སྐུ་མགྲོན་4000ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད་པ་རེད། 

  
style="display:none;"