མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་
དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་
པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་
ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་07ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》བཀྲམ་པ་རེད། 
     2019ལོའི་ཟླ་10ཚེས་31ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ་རེད། 
    《གཏན་འབེབས》ནང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཕྱིར་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་ལ་གཙོ་གནད་ཐོག་ཞིབ་འཇུག་བྱས་པ་ནན་བཤད་བྱས་ཡོད།
     གཏན་འབེབས་བསྡོམས་ཁག་བཅོ་ལྔར་ཕྱེ་ཡོད་པ་སྟེ། གཅིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱ། གཉིས། ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་གིས་ཚན་རིག་དང་མཐུན་པའི་ངང་སྲིད་སྐྱོང་བ་དང་། དམངས་གཙོར་བརྟེན་ནས་སྲིད་སྐྱོང་བ། ཁྲིམས་བཞིན་སྲིད་སྐྱོང་བ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར། གསུམ། མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་གོང་འཕེལ་གཏོང་རྒྱུའི་སྐོར། བཞི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་གིས་ཁྲིམས་བཞིན་རྒྱལ་སྐྱོང་དང་ཁྲིམས་བཞིན་སྲིད་སྐྱོང་བའི་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར། ལྔ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འཛིན་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་འགན་འཁྲི་ཁ་གསལ་དང་ཁྲིམས་བཞིན་སྲིད་སྐྱོང་བའི་སྲིད་གཞུང་བཅོས་སྐྱོང་མ་ལག་འཛུགས་རྒྱུའི་སྐོར། དྲུག སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར། བདུན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་རྒྱུའི་སྐོར། བརྒྱད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམངས་འཚོ་འགན་སྲུང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུའི་སྐོར། དགུ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པའི་སྐོར། བཅུ། སྣོད་བཅུད་ཤེས་དཔལ་གྱི་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར། བཅུ་གཅིག ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པའི་འགན་ལེན་བྱེད་དགོས་པའི་སྐོར། བཅུ་གཉིས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མེས་རྒྱལ་ཞི་བའི་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར། བཅུ་གསུམ། རང་ཚུགས་རང་རྟེན་གྱི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར།
     བཅུ་བཞི། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་སྐོར། བཅོ་ལྔ། ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་སྐོར་བཅས་རེད། 
    《གཏན་འབེབས》ནང་བསྟན་དོན། རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ལ་ཕྱོགས་མང་པོའི་ཐད་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ལྡན་ཞིང་། གཙོ་བོ་ནི། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་མཐའ་འཁྱོངས། ཆབ་སྲིད་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ། རྒྱལ་ཁབ་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་འགན་ལེན་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ་དང་། མི་དམངས་རང་ཁྱིམ་རང་བདག་མཐའ་འཁྱོངས་དང་། མི་དམངས་དམངས་གཙོ་འཕེལ་རྒྱས། མང་ཚོགས་དང་འབྲེལ་བ་དམ་ཟབ། མི་དམངས་ལ་དམ་པོར་བརྟེན་པ་བཅས་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མངོན་གསལ་དོད་པའི་ལེགས་ཆ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་དྲང་གཞག་དྲང་བདེན་དང་མི་དམངས་ཀྱི་དབང་ཆ་འགན་ལེན་ཏན་ཏིག་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས་དང་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ནས། སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་མངོན་གསལ་དོད་པའི་ལེགས་ཆ། མི་རིགས་ཁག་ཚང་མ་འདྲ་མཉམ་མཐའ་འཁྱོངས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་མངོན་གསལ་དོད་པའི་ལེགས་ཆ། སྤྱི་དབང་ལམ་ལུགས་ཀྱིས་གཙོ་བོར་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་འཕེལ་རྒྱས་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ་དང་ཐོབ་སྤྲོད་སྣ་མང་གི་བྱ་ཐབས་མཉམ་གནས་མཐའ་འཁྱོངས་བྱས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་ཁྲོམ་རའི་དཔལ་འབྱོར་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པར་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བའི་མངོན་གསལ་དོད་པའི་ལེགས་ཆ། ཐུན་མོང་གི་ཕུགས་བསམ་དང་དད་སེམས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་འདུ་ཤེས་བཅས་མཐའ་འཁྱོངས་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་བཏང་ནས། བསམ་བློ་དང་སྙིང་སྟོབས་ཐད་མི་དམངས་ཡོངས་མཐུན་སྒྲིལ་དམ་ཟབ་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་དམངས་འཚོ་རྒྱུན་ཆད་མེད་པར་འགན་ལེན་དང་ལེགས་སུ་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་བཏང་ནས་ཐུན་མོང་འབྱོར་ཕྱུག་གི་འགྲོ་ལམ་ཐོག་བསྐྱོད་པའི་མངོན་གསལ་དོད་པའི་ལེགས་ཆ། སྒྱུར་བཅོས་གསར་གཏོད་དང་དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་རང་ངོས་འཐུས་ཚང་དང་རང་ངོས་འཕེལ་རྒྱས་གཏོང་མཁས་པོ་བྱས་ནས་སྤྱི་ཚོགས་ལ་དུས་དང་རྣམ་པ་ཀུན་ཏུ་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བར་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། སྤྱོད་ཡོན་གཉིས་ལྡན་དང་མཁས་འདེམས་འཇོན་བསྐོ་མཐའ་འཁྱོངས་བྱས་ནས་གནམ་འོག་གི་ཤེས་ཡོན་ཅན་གཅིག་སྡུད་མཉམ་སྤྱོད་བྱས་ནས་ཕུལ་བྱུང་གི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་འགན་ལེན་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་འགན་ལེན་ནུས་ལྡན་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”མཐའ་འཁྱོངས་ཀྱིས་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་མཐའ་འཁྱོངས་བྱས་ནས་མེས་རྒྱལ་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་མངོན་གསལ་དོད་པའི་ལེགས་ཆ། རང་ཚུགས་རང་བརྟེན་དང་ཕྱི་ཕྱོགས་སྒོ་དབྱེ་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་རྒྱུན་ཆད་མེད་པར་ལེགས་སྐྱེས་འབུལ་བའི་མངོན་གསལ་དོད་པའི་ལེགས་ཆ་བཅས་ལྡན་ཡོད། མངོན་གསལ་དོད་པའི་ལེགས་ཆ་དེ་དག་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བའི་གཞི་རྩའི་གཞི་འཛིན་ས་རེད།
     《གཏན་འབེབས》ནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་ནི། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས། ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་དེ་བས་ཚགས་ཚུད་པོ་དང་དེ་བས་གཏན་འཁེལ་བྱེད་པའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། 2035ལོར་སླེབས་སྐབས་ཕྱོགས་ཁག་གི་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་སོང་སྟེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་འགྱུར་བ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་སྲ་བརྟན་དང་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པར་བྱ་རྒྱུ་བཅས་བསྟན་ཡོད། 
    《གཏན་འབེབས》ནང་། རང་རྒྱལ་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་པ་དང་བཟོ་ཞིང་མནའ་འབྲེལ་རྨང་གཞིར་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་ཡིན། དེས་ན་ངེས་པར་དུ་མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། དམངས་གཙོའི་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཁྲིམས་བཞིན་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཐབས་ཇུས། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་བྱས་ཐོག ཕྱོགས་ཁག་གི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་ལས་དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་བློ་སྟོབས་མངོན་པ་དང་། མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོང་། མི་དམངས་ཀྱི་གསར་གཏོད་ཀྱི་སེམས་ཤུགས་འཕེལ་བ་བཅས་བྱས་ནས། མི་དམངས་ཀྱིས་ཁྲིམས་བཞིན་ཐབས་ལམ་དང་བྱ་ཐབས་སྣ་ཚོགས་བརྒྱུད་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་། དཔལ་འབྱོར་དང་རིག་གནས་བྱ་གཞག་ལ་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བཅས་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད། 
    《གཏན་འབེབས》ནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་རེད། དེས་ན་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་དེ་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་བཞིན་རྒྱལ་སྐྱོང་དང་། ཁྲིམས་བཞིན་སྲིད་སྐྱོང་། ཁྲིམས་བཞིན་སྲིད་འཛིན་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཚད་ལྡན་མ་ལག་དང་། ནུས་ཆེའི་ཁྲིམས་སྐྱོང་ལག་བསྟར་མ་ལག དམ་ནན་གྱི་ཁྲིམས་སྐྱོང་ལྟ་སྐུལ་མ་ལག ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་མ་ལག་བཅས་གང་མགྱོགས་ཆགས་པར་བྱེད་པ། འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཆགས་པར་བྱེད་པ་བཅས་ཀྱི་ཐོག་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་སྐྱོང་ནན་པོ། གཞུང་དྲང་སྲིད་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། 
    《གཏན་འབེབས》ནང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་གཅིག་སྡུད་རྒྱ་ཁྱབ་བྱེད་པ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་སྲ་ཞིང་བརྟན་པའི་འདེགས་སྐྱོར་ཞིག་རེད། དེས་ན་ངེས་པར་དུ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ་དང་། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་ངོམ་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་པ། མི་དམངས་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་མཐའ་འཁྱོངས། གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བཅས་བྱས་ཏེ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཐོག་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་འཛུགས་སྐྱོང་སྔར་བས་ཡག་པོ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། 
    《གཏན་འབེབས》ནང་། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རང་རེའི་ཏང་གིས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ཆེད་སྲིད་འཛིན་པའི་ངོ་བོའི་བླང་བྱ་ཞིག་ཡིན། དེས་ན་ངེས་པར་དུ་བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་སྐྱོར་མཁན་ཡོད་པ་སོགས་ཐད་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་བྱེད་དགོས་པ་མ་ཟད། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་ཏེ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས། སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་སྟངས་གསར་གཏོད་བྱས་ནས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་སྤྱི་ཕན་བྱ་གཞག་གཉེར་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་དང་མི་དམངས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་སྔར་བས་འདྲ་མཉམ་ངང་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། 
    《གཏན་འབེབས》ནང་། སྤྱི་ཚོགས་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་ཕྱོགས་གལ་ཆེན་ཞིག་རེད། དེས་ན་ངེས་པར་དུ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། དམངས་གཙོའི་གྲོས་མོལ། སྤྱི་ཚོགས་ཀྱིས་མཐུན་སྦྱོར། སྤྱི་དམངས་ཞུགས་པ། ཁྲིམས་སྐྱོང་འགན་ལེན། ཚན་རྩལ་འདེགས་སྐྱོར་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་རང་འགན་གཙང་སྒྲུབ། ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ་གཏོད་པ། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་དང་སྒྲིག་ལམ་ལྡན་པའི་འགན་ལེན་ཡོང་བ་བཅས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན་ཡོད། 
    《གཏན་འབེབས》ནང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ལོ་ངོ་སྟོང་གི་ཇུས་ཆེན་ཞིག་རེད། དེས་ན་ངེས་པར་དུ་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་བྱས་ཏེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་། གྲོན་ཆུང་སྔོན་དུ་བྱེད་པ་དང་། སྲུང་སྐྱོང་སྔོན་དུ་བྱེད་པ། རང་བྱུང་སླར་གསོ་བཅས་གཙོ་བོར་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་དགོས་ཞེས་ནན་བཤད་བྱས་ཡོད། 
    《གཏན་འབེབས》ནང་། མི་དམངས་དམག་དཔུང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཀ་རྡོ་བརྟན་པོ་ལྟ་བུ་ཡིན་ལ་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པ་ནི་མི་དམངས་དམག་དཔུང་འཛུགས་སྐྱོང་གི་རྩ་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་རེད། དེས་ན་ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲོད་ཀྱི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་གནས་བབ་སྲ་བརྟན་དང་གཏན་འཁེལ་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་གཏོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་སྲིད་ཇུས་དང་། ལམ་ལུགས། མ་ལག་བསྐྲུན་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་མི་དམངས་དམག་དཔུང་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲར་ཕྱོགས་ཡོངས་ནས་བཏོད་དེ་མི་དམངས་དམག་དཔུང་གི་ངོ་བོ་དང་། དམིགས་ཡུལ། རང་མདངས་བཅས་ནམ་ཡང་གནས་པ་བཅས་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། 
    《གཏན་འབེབས》ནང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་བར་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་ཆེན་ཞིག་ཀྱང་རེད། དེས་ན་ངེས་པར་དུ“རྒྱལ་ཁབ་གཅིག”ནི“ལམ་ལུགས་གཉིས”ལག་བསྟར་བྱེད་པའི་སྔོན་འགྲོ་དང་རྨང་གཞི་ཡིན་པ་དང་། “ལམ་ལུགས་གཉིས”དེ“རྒྱལ་ཁབ་གཅིག”ལ་གཏོགས་པ་དང་དེ་ནས་བྱུང་བ་ཡིན་པ་དང་སྦྲགས། “རྒྱལ་ཁབ་གཅིག”ནང་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ཏེ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་དོ་དམ་བཅོས་སྐྱོང་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་དང་དེ་བཞིན་ཤང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཐའ་ཚད་ལ་འགྲན་སློང་བྱེད་པའི་བྱེད་སྤྱོད་གང་རུང་ལ་བཟོད་སྒོམ་གཏན་ནས་བྱེད་མི་རུང་ལ་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་གང་རུང་ལའང་བཟོད་སྒོམ་གཏན་ནས་བྱེད་མི་རུང་ཞེས་བསྟན་ཡོད། 
    《གཏན་འབེབས》ནང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་དང་ཕྱི་རོལ་གྱི་མཐུན་རྐྱེན་ཡག་པོ་ཞིག་དགོས། དེས་ན་ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པ་དང་། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། 
     《གཏན་འབེབས》ནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་རེད། དེས་ན་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་སྤེལ་དགོས་པ་དང་། ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང། སྒྲིག་འཛུགས་ཚགས་ཚུད། འཕྲལ་ཕུགས་ཟུང་འབྲེལ། སྤྱི་ཡོངས་ལ་སྐུལ་འདེད་བཅས་བཏང་སྟེ་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ཁག་ཚང་མ་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད། 
    《གཏན་འབེབས》ནང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་གདེང་ཚོད་བརྟན་པོ་དང་། ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། ཡར་རྒྱས་ལྷུར་ལེན། གསར་འབྱེད་གསར་གཏོད་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། 

  
style="display:none;"