མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་24ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་འབུམ་རམས་པ་ཅིས་ཤིན་ཀེས་ལོ་མང་རིང་ཀྲུང་ཨའི་རྒྱལ་ཁབ་ཀྱི་འབྲེལ་བ་རླབས་པོ་ཆེ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་བཅངས་ནས་འབད་བརྩོན་ཧུར་ཐག་གནང་བར་བསྔགས་བརྗོད་གནང་བ་དང་། ཁོང་གིས་ཕུལ་བའི་ལེགས་སྐྱེས་གལ་ཆེན་དེ་དག་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་སྐུ་ཁམས་གསལ་ཐང་ཡོང་བ་དང་ཀྲུང་ཨའི་འབྲེལ་བར་སྐུལ་འདེད་གཏོང་མཁན་དང་ལེགས་སྐྱེས་འབུལ་མཁན་མུ་མཐུད་གནང་རྒྱུའི་ཐུགས་རེ་གནང་བ་རེད།
      ཞི་ཅིན་ཕིང་གིས། དེ་སྔ་འབུམ་རམས་པ་ཁོང་གིས་ལོ་རྒྱུས་ཀྱི་གཟིགས་རྒྱང་ཡངས་པོ་དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་བསམ་ཤེས་གཏིང་ཟབ་གནང་སྟེ་སྐབས་དེ་དུས་ཀྱི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དང་མཉམ་དུ་ཀྲུང་ཨའི་རྒྱལ་བབ་མི་འདྲ་བའི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་གཏན་ཅན་ལ་སྐུལ་འདེད་བཏང་བས། བྱེད་ཐབས་གལ་ཆེན་དེས་ད་བར་ཀྲུང་ཨ་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཤུགས་རྐྱེན་གལ་ཆེན་ཐེབས་བཞིན་ཡོད། དེང་སྐབས་ཀྲུང་ཨའི་འབྲེལ་བ་འགག་རྩའི་དུས་སུ་སླེབས་པ་དང་དཀའ་ངལ་དང་འགྲན་སློང་འགའ་འཕྲད་ཡོད། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱིས་བསྟུན་ཡང་གཅིག་མཚུངས་མི་བྱེད་པར་སྣང་ཆེན་བྱེད་པ་དང་གཙོ་བོ་བཟུང་ན་ཡན་ལག་ངང་གིས་འཐོན་རྒྱུར་དང་དོད་བྱེད་ཀྱི་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གོ་བ་ལོག་འཁྲུལ་མི་ཡོང་བ་བྱས་ཐོག་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཟུང་འབྲེལ་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག མཉམ་ལས་གཉིས་ཁེ་བཅས་ཡོང་བ་བྱས་ཐོག ཀྲུང་ཨའི་འབྲེལ་བ་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
     ཅིས་ཤིན་ཀེས། ངས་འདས་ཟིན་པའི་ལོ་50ཡི་རིང་། ཀྲུང་གོར་འཚམས་འདྲི་ཐེངས་བརྒྱ་ལྷག་ཙམ་བྱ་རྒྱུའི་སྐལ་བ་ཐོབ་པ་དང་། ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མིག་མཐོང་ལག་ཟིན་བྱུང་། ལོ་ངོ་50ཡི་རིང་ཨ་ཀྲུང་འབྲེལ་བ་དེ་ཙམ་གྱིས་བརྟན་པོ་མེད་། འོན་ཀྱང་སྤྱིའི་ཁ་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་མདུན་དུ་སྐྱོད་ཡོད། ད་ཆ་དུས་རབས་ཀྱི་རྒྱབ་ལྗོངས་ལ་འགྱུར་ལྡོག་ཕྱིན་ནས་ཨ་ཀྲུང་འབྲེལ་བའི་གལ་ཆེའི་རང་བཞིན་དེ་བས་མངོན་གསལ་དོད་པས་ཕྱོགས་གཉིས་པོས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་འོས་ཤིང་འཚམ་པའི་ངང་འགལ་བ་སེལ་ཐབས་ཧུར་ཐག་བྱས་ཏེ་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་མུ་མཐུད་བྱ་རྒྱུ་དེ་ནི་རྒྱལ་ཁབ་གཉིས་པོ་དང་ཐ་ན་འཛམ་གླིང་ལའང་གལ་འགངས་ཧ་ཅང་ཆེན་པོ་ཡོད་ཅེས་གསུངས་པ་རེད།

  
style="display:none;"