མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སར་ཝ་ཏོལ་གྱི་ཙུང་ཐུང་བྷོ་ཁེར་དང་བཞུགས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་05ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་སར་ཝ་ཏོལ་གྱི་ཙུང་ཐུང་བྷོ་ཁེར་དང་བཞུགས་མོལ་གནང་བ།

     ཟླ་12ཚེས་3ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སར་ཝ་ཏོལ་གྱི་ཙུང་ཐུང་བྷོ་ཁེར་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཙུང་ཐུང་བྷོ་ཁེར་སྟངས་དཔྱལ་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སར་ཝ་ཏོལ་གྱི་ཙུང་ཐུང་བྷོ་ཁེར་དང་བཞུགས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་བྷོ་ཁེར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཐེངས་དང་པོ་ཕེབས་པར་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་སར་དབར་ཕྱི་འབྲེལ་བཙུགས་པ་དང་འཕེལ་རྒྱས་གཏོང་བ་ནི་རྒྱལ་ཁབ་གཉིས་དབར་འགྲོ་འོང་བྱེད་པའི་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་ཡིན། དེས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་སྒོ་མོ་ཕྱེ་བ་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ཕྱི་འབྲེལ་བཙུགས་ཚུན་ལོ་གཅིག་རིང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་རྒྱ་མུ་མཐུད་ཆེ་རུ་ཕྱིན་པ་མ་ཟད། ཕན་ཚུན་རྒྱུས་མངའ་ལོན་ཤུགས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཙུང་ཐུང་སྐུ་ཞབས་ཁྱེད་ཀྱིས་ཀྲུང་སར་དབར་གྱི་འབྲེལ་བར་སྲུང་སྐྱོང་བྱ་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུའི་ཐུགས་ཐག་ཡང་དག་བཅད་གནང་བ་ལས། ཆབ་སྲིད་མཁས་ཅན་གྱི་འཐབ་ཇུས་ཀྱི་ལྟ་བ་དང་ལོ་རྒྱུས་ལ་འགན་ཁུར་བའི་ཐུགས་སེམས་མངོན་གྱི་ཡོད། ཁྱེད་ཀྱིས་ཀྲུང་སར་དབར་གྱི་འབྲེལ་བ་ནི“བྱས་ན་བྱེད་གཞི་ཆེ་བ་དང་མདུན་ལམ་ཧ་ཅང་ཆེ་བ”ཞིག་ཡིན་ཞེས་གསུངས་པར་ཡིད་མཐུན་རྦད་དེ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སར་ཝ་ཏོལ་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྨང་གཞིའི་ཐོག་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་བ། མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས། སྤུས་བཤེར། ནུས་རྒྱུ། ཆུ་བེད། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། དམངས་འཚོའི་ཐད་བཀྲག་མདངས་འཚེར་པ་ཆེ་རིགས་བཏོད་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་སར་ཝ་ཏོལ་ཕྱོགས་ལ་རོགས་རམ་གང་ཐུབ་བྱེད་འདོད་ཡོད། སར་ཝ་ཏོལ་ཕྱོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ནང་ཞུགས་ཏེ། རྒྱལ་ཁབ་གཉིས་པོའི་གསབ་རེས་ཀྱི་ལེགས་ཆ་དག་མཉམ་ལས་ཀྱི་གྲུབ་འབྲས་སུ་བསྒྱུར་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སར་ཝ་ཏོལ་ཕྱོགས་ནས་མངར་ཆ་དང་ཀོག་ཧྥེ་སོགས་ཁྱད་ལྡན་ཐོན་རྫས་སྤུས་དག་སྔར་བས་མང་པོ་ནང་འདྲེན་བྱེད་འདོད་ཡོད། ཕྱོགས་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས། བཟོ་ཚོང་། གཞོན་ནུ། ཇུས་འདོན་ཚོགས་པ། སྨྱན་སྦྱོར་སོགས་ལས་རིགས་ཁག་གིས་ཕན་ཚུན་འགྲོ་འོང་བྱེད་དགོས། ཀྲུང་གོར་ཡོང་མྱོང་བའི་སར་ཝ་ཏོལ་གྱི་གྲོགས་པོ་མང་པོ་ཞིག་གིས། ཀྲུང་གོར་མ་ཡོང་གོང་ཁོང་ཚོའི་ངོས་ནས་བརྗོད་ན་ཀྲུང་གོ་ནི་རྒྱུས་མངའ་མེད་པའི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོར་སླེབས་རྗེས་ང་ཚོ་ཀྲུང་གོ་བས་རྒྱུས་མངའ་མེད་པ་ཞིག་རེད་འདུག་ཅེས་ཤོད་ཀྱི་འདུག ང་ཚོས་སར་ཝ་ཏོལ་གྱི་ལས་རིགས་ཁག་གི་གྲོགས་པོ་སྔར་བས་མང་པོ་ཀྲུང་གོར་ཡོང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་སྤེལ་རེས་དང་ཤེས་རྟོགས་ལ་ཤུགས་སྣོན་རྒྱག་པ་དང་། 
     ཀྲུང་སར་དབར་གྱི་འབྲེལ་བའི་སྤྱི་ཚོགས་དང་དམངས་འདུན་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། ཀྲུང་སར་དབར་གྱི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     བྷོ་ཁེར་གྱིས་སར་ཝ་ཏོལ་གྱི་མི་དམངས་ཀྱིས་ད་ཐེངས་ང་ཀྲུང་གོར་འཚམས་འདྲིར་ཡོང་བར་དོ་སྣང་ཆེན་པོ་བྱེད་ལ་རེ་སྒུག་ཀྱང་ཆེན་པོ་བྱེད་ཀྱི་་ཡོད། རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོར་རྒྱལ་སྤྱིའི་གར་སྟེགས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་ལྡན་ཡོད། ངས་ཀྲུང་གོའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་རིག་གནས་དང་རླབས་ཆེན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། སར་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ཡུན་རིང་མ་སོང་ནའང་མངོན་མེད་ནུས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་ལ། ཕྱོགས་གཉིས་པོར་ཕན་ཚུན་རོགས་ཟླ་ཡག་པོ་དང་གྲོགས་པོ་ཡག་པོར་འགྱུར་རྒྱུའི་ནུས་པ་རྦད་དེ་ལྡན་ཡོད། ཀྲུང་གོ་ལྟ་བུའི་རླབས་ཆེན་གྱི་རྒྱལ་ཁབ་དང་ཟོལ་མེད་ཀྱི་གྲོགས་པོ་དང་འབྲེལ་བ་འཕེལ་རྒྱས་བཏང་ན། སར་ཝ་ཏོལ་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་རྒྱུ་དང་སར་ཝ་ཏོལ་མི་དམངས་ལ་བདེ་སྐྱིད་ངོ་མ་ཐོབ་རྒྱུར་ངས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སློབ་སྦྱོང་དང་མིག་དཔེར་འཛིན་པ་དང་། སར་ཝ་ཏོལ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བ་ཡུན་རིང་འཕེལ་རྒྱས་གཏོང་རྒྱུར་གཞོལ་བ། སར་ཀྲུང་དབར་གྱི་འབྲེལ་བ་དང་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེན་གཞན་དག་དུས་གཅིག་ཏུ་འཕེལ་རྒྱས་འགྲོ་རྒྱུའི་ཐད་འབད་བརྩོན་བཅས་བྱས་ནས་ལ་ཏིང་མེ་གླིང་ས་ཁུལ་གྱི་རྒྱལ་ཁབ་གཞན་དག་ལ་མིག་དཔེ་ཞིག་འཛུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད། སར་ཝ་ཏོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་དང་ཀྲུང་གོའི་ཞི་བདེ་གཅིག་གྱུར་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སར་ཝ་ཏོལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སར་ཝ་ཏོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མ་འཇོག་དང་། ཚོང་དོན། རྨང་གཞིའི་སྒྲིག་བཀོད། ཞིང་ལས། ཡུལ་སྐོར། རིག་གནས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ང་ད་རེས་འཚམས་འདྲིར་ཡོང་བ་དེ་སར་ཀྲུང་དབར་གྱི་འབྲེལ་བའི་འགོ་འཛུགས་ས་གསར་པ་ཞིག་ཏུ་གྱུར་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཞིག་གཏོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"