མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་ཞུགས་མཁན་ཕྱི་རྒྱལ་གྱི་
སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་05ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས“2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་ཞུགས་མཁན་ཕྱི་རྒྱལ་གྱི་
སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

    ཟླ་12ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར“2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་ཞིང་། འདི་ནི་མཇལ་འཕྲད་མ་གནང་གོང་དུ་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་སྐུ་མགྲོན་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།
    ■ ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཀྲུང་གོ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་བརྟན་ལྷིང་ཡོང་བའི་ཆེས་རྩ་བའི་རྒྱུ་རྐྱེན་ཡིན་པ་དེར་ཀྲུང་གོ་མི་དམངས་ཡོངས་ཀྱི་སྙིང་དབུས་ནས་གོང་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་སོ་སོས་བདམས་པའི་འགྲོ་ལམ་བརྒྱུད་མུ་མཐུད་མདུན་སྐྱོད་བྱེད་རྒྱུ་ཡིན། ཀྲུང་གོས་མུ་མཐུད་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱས་ནས། དུས་བཀག་ལྟར“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན་པས། ཀྲུང་གོའི་འབྱུང་འགྱུར་ལ་ང་རང་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད།
    ■ ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་རྣམས་གསོ་བའི་དཔེ་ལྟར། ཀྲུང་གོས་སྔར་ནས་བཟུང་རྒྱལ་ཁབ་ཁག་གི་མི་དམངས་ལ་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་འགྲོ་ལམ་གདམ་ག་བྱེད་པའི་དབང་ཆ་ཡོད་པའི་འདོད་ཚུལ་འཛིན་གྱི་ཡོད་པ་དང་། འཛམ་གླིང་ཐོག་གི་རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་གཞན་གྱི་ཕྱི་བཞིན་འགྲོ་བ་དང་གཞན་གྱི་འགྲོ་ལམ་ཐོག་བསྐྱོད་ནས་རང་ཉིད་ཀྱི་གོང་འཕེལ་དར་རྒྱས་དོན་གཉེར་བྱེད་མཁན་མེད་ལ། རྒྱལ་ཁབ་དང་མི་རིགས་ཚང་མ་གོང་འཕེལ་དར་རྒྱས་ཡོང་བར་ཁྲིད་སྟོན་བྱེད་པའི་འགྱུར་དུ་མེད་པའི་འགྲོ་ལམ་ཞིག་ཀྱང་མེད། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་3ཉིན་མི་དམངས་ཚོགས་ཁང་ཆེ་མོར“2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ་རེད།
      ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྐྱོང་བདེ་འཁོད་འགྲོ་ལམ་དང་མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་འཛིན་པའི་ལྟ་སྟངས་ངོ་སྤྲོད་གནང་ཞིང་། ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་པ་དང་། ལོ་རྒྱུས་རང་བཞིན་གྱི་ལོ་འཁོར་དེ་རིགས་ཀྱིས་མི་རྣམས་ལ་བསམ་གཞིག་གཏིང་ཟབ་བྱེད་དུ་འཇུག་ངེས་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་དུ་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་ནི། གོམ་པ་བརྟན་པོ་སྤོས་ན་གཞི་ནས་རྒྱང་རིང་པོར་སྐྱོད་ཐུབ་པའི་དཔེ་ལྟར་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཀྲུང་གོ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་བརྟན་ལྷིང་ཡོང་བའི་ཆེས་རྩ་བའི་རྒྱུ་རྐྱེན་ཡིན་པ་དེར་ཀྲུང་གོ་མི་དམངས་ཡོངས་ཀྱི་སྙིང་དབུས་ནས་གོང་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་སོ་སོས་བདམས་པའི་འགྲོ་ལམ་བརྒྱུད་མུ་མཐུད་མདུན་སྐྱོད་བྱེད་རྒྱུ་ཡིན། ཀྲུང་གོས་མུ་མཐུད་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱས་ནས། དུས་བཀག་ལྟར“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན་པས། ཀྲུང་གོའི་འབྱུང་འགྱུར་ལ་ང་རང་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་རྣམས་གསོ་བའི་དཔེ་ལྟར། ཀྲུང་གོས་སྔར་ནས་བཟུང་རྒྱལ་ཁབ་ཁག་གི་མི་དམངས་ལ་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་གདམ་ག་བྱེད་པའི་དབང་ཆ་ཡོད་པའི་འདོད་ཚུལ་འཛིན་གྱི་ཡོད་པ་དང་། འཛམ་གླིང་ཐོག་གི་རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་གཞན་གྱི་ཕྱི་བཞིན་འགྲོ་བ་དང་གཞན་གྱི་འགྲོ་ལམ་ཐོག་བསྐྱོད་ནས་རང་ཉིད་ཀྱི་གོང་འཕེལ་དར་རྒྱས་དོན་གཉེར་བྱེད་མཁན་མེད་ལ། རྒྱལ་ཁབ་དང་མི་རིགས་ཚང་མ་གོང་འཕེལ་དར་རྒྱས་ཡོང་བར་ཁྲིད་སྟོན་བྱེད་པའི་འགྱུར་དུ་མེད་པའི་འགྲོ་ལམ་ཞིག་ཀྱང་མེད། ཀྲུང་གོས་རང་ངོས་ཀྱི་ལག་ལེན་དངོས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་གྱིས་བཙན་པོ་དབང་ཡོད་མི་བྱེད་པ་ར་སྤྲོད་བྱས་ཡོད། དེ་ནི་སྔོན་ལ་ཀྲུང་གོའི་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་དང་རིག་གནས་ཀྱི་སྲོལ་རྒྱུན་གྱིས་གཏན་འཁེལ་བྱས་པ་ཞིག་ཡིན་པ་དང་། ཀྲུང་གོ་བར་རྒྱ་སྐྱེད་བཙན་འཛུལ་གྱི་གཞི་རྒྱུ་མེད་པར་གནམ་འོག་གཅིག་མཚུངས་དང་གནམ་འོག་འདྲ་མཉམ་གྱི་འདུ་ཤེས་རྒྱུན་འཛིན་བྱས་ཏེ། ཁྱོད་ཤི་ང་གསོན་དང་རང་མེད་མི་མེད་ཀྱི་བསམ་བློར་རྒྱབ་སྐྱོར་བྱེད་ཀྱི་མེད། དེ་དང་ཆབས་ཅིག ཀྲུང་གོས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་འདྲ་མཉམ་གཉིས་ཕན་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་ཕྱོགས་ཡོངས་དང་། གཏིང་ཟབ། བསླངས་གཟུགས་བཅས་ཀྱི་ཐོག་ནས་ཕན་ཚུན་ཤེས་རྟོགས་ལ་ཤུགས་སྣོན་བརྒྱབ་སྟེ། གཉིས་ཕན་མཉམ་ལས་བྱས་ནས་ཐུན་མོང་ཐོག་དར་རྒྱས་ཡོང་བར་བྱ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་གི་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཡོང་བཞིན་ཡོད་པ་དང་། ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བར་ཡང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འགྲོ་བཞིན་ཡོད། མི་འབོར་དུང་ཕྱུར་14ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་ཀྲུང་གོས་རང་དོན་ཡག་པོ་སྒྲུབ་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་རང་རེད། དེ་དང་ཆབས་ཅིག ང་ཚོས་ཀྱང་དེ་མཚུངས་ཀྱི་རྒྱལ་སྤྱིའི་འོས་འགན་དང་འགན་འཁྲི་འཁུར་འདོད་ཡོད། མིག་སྔའི་གོ་ལ་ཧྲིལ་པོ་བཅོས་སྐྱོང་ལ་རྙོག་འཛིང་ཆེ་བའི་དུས་བབ་འཕྲད་པ་དང་། རྒྱལ་སྤྱིའི་སྒྲིག་ལམ་འགག་རྩའི་བཞི་མདོ་ཁར་གནས་ཡོད་པ་དེའི་ངོ་བོ་དངོས་ནི་ཕྱོགས་མང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ཀྱི་འགྲོ་ལམ་གང་དུ་སྐྱོད་མིན་གྱི་གནད་དོན་ལ་ཐུག་ཡོད།
     ལ་ཐེ་ཝེ་ཡའི་ཙུང་ཐུང་ཟུར་པ་ཧྥུའོ་ལེ་པེ་ཅཱ་དང་། ཐན་ཙན་ནི་ཡའི་ཙུང་ཐུང་ཟུར་པ་མུའུ་ཁ་ཕཱ། རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅིའུ་ཧྲན་ཡིའུ་ཅི་ཧྥུའུ། བྷོ་ཧེར་ཀྲུའུ་ཞི་ཚོགས་པའི་དེ་སྔའི་ཁོངས་མི་དབྱི་དབན་ཉི་ཆི། ཨ་རིའི་ཙུང་ཐུང་ཟུར་པ་པུའུ་ཧྲི་རྒན་པའི་བུ་གསུམ་པ་ཉིར·པུའུ་ཧྲི། སི་ལོ་ཝེ་ཉི་ཡའི་ཙུང་ཐུང་ཟུར་པ་ཐུར་ཁེ་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་གོའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་ཡི་རངས་ཞུས་པ་དང་། ཀྲུང་གོས་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་། ཀྲུང་གོ་མི་དམངས་ལ་ད་ཆ་སྔར་བྱུང་མྱོང་མེད་པའི་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པར་བསྔགས་བརྗོད་བྱས་ཁར། ཤུགས་རྐྱེན་ནུས་པ་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེན་པོའི་ངོས་ནས་ཀྲུང་གོ་མུ་མཐུད་དར་རྒྱས་གོང་འཕེལ་ཕྱིན་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

  
style="display:none;"