མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་08ཉིན། 11:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
    ■ སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ལ་ཞིབ་བསྡུར་བྱེད་པ་དང་། གཙོ་གནད་དམ་འཛིན་དང་། སྐྱོན་ཆ་གསབ་པ། ཞན་ཆ་ལེགས་གཏོང་བཅས་ཧུར་ཐག་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་སྟོན་ཕྱོགས་སུ་འཛིན་པ། འབྲས་བུ་སྟོན་ཕྱོགས་སུ་འཛིན་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྡེ་ཚན་ཁག་དང་སྲིད་ཇུས་ཁག་དབར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གཞན་ཡང་དཔལ་འབྱོར་ལས་དོན་ལ་སྣེ་ཁྲིད་བྱེད་པའི་བྱ་ཐབས་ལེགས་སུ་གཏོང་བ་དང་། གྲོན་ཆུང་བསྲི་ཚགས་དང་རྒྱས་སྤྲོས་འཕྲོ་བརླག་ལ་ངོ་རྒོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གཞི་རིམ་གྱི་ཁུར་པོ་མུ་མཐུད་ནས་ཡང་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཐོན་ཁུངས་དག་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཐད་དངོས་འབྲེལ་སྤྱོད་ཐུབ་པ་བཅས་བྱེད་དགོས།
       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། འདི་ལོའི་དཔལ་འབྱོར་གནས་ཚུལ་དང་སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་དམངས་གཙོའི་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།       ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ལ་ཞིབ་བསྡུར་བྱེད་པ་དང་། གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ཧུར་ཐག་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་སྟོན་ཕྱོགས་སུ་འཛིན་པ། འབྲས་བུ་སྟོན་ཕྱོགས་སུ་འཛིན་པ་བཅས་མཐའ་འཁྱོངས་བྱེད་པ། སྡེ་ཚན་ཁག་དང་སྲིད་ཇུས་ཁག་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གཞན་ཡང་དཔལ་འབྱོར་ལས་དོན་ལ་སྣེ་ཁྲིད་བྱེད་པའི་བྱ་ཐབས་ལེགས་སུ་གཏོང་བ་དང་། གྲོན་ཆུང་བསྲི་ཚགས་མཐའ་འཁྱོངས་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པ། གཞི་རིམ་གྱི་ཁུར་པོ་མུ་མཐུད་ནས་ཡང་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཐོན་ཁུངས་དག་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཐད་དངོས་འབྲེལ་སྤྱོད་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ལི་ཁེ་ཆང་གིས་འདི་ལོའི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་དགོངས་འཆར་ངོ་སྤྲོད་ཀྱང་གནང་བ་རེད།
      བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧོ་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀའོ་ཧུང་ཅུན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།
      ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། དེ་རིང་ང་ཚོས་བཞུགས་མོལ་ཚོགས་འདུ་འདི་འཚོགས་པའི་དམིགས་ཡུལ་ནི་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པའི་ཐད་དམངས་གཙོའི་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་བསམ་འཆར་དང་གྲོས་འགོ་ཉན་རྒྱུ་དེ་རེད། ད་དུང་ཉིན་གཉིས་སོང་རྗེས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྱང་གནད་དོན་དེར་གྲོས་བསྡུར་བྱ་རྒྱུ་ཡིན་པས་གྲོས་བསྡུར་མ་བྱས་གོང་ཚང་མའི་བསམ་འཆར་དང་གྲོས་འགོ་ཉན་རྒྱུ་ཡིན་ཞེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས། འདི་ལོ་ཚུན་དུ་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་མངོན་གསལ་དོད་པོས་ཆེ་རུ་འགྲོ་བའི་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་གཙོ་བོའི་འཕེལ་རིམ་སྔོན་དཔག་ལྟར་བྱུང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཐད་འཕེལ་རྒྱས་གསར་པ་གལ་ཆེན་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། འདི་ལོ་ཚུན་དུ་དམངས་གཙོའི་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་། གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་སྣེ་ཁྲིད་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་གཞི་ཆུང་བྱེད་པོའི་གསོན་ཤུགས་འཕེལ་བ་སོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་གལ་ཆེན་ལ་གཞིགས་པ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)10ལྷག་ཙམ་གྱི་གཞི་རིམ་གྱི་འཐབ་ས་མདུན་མར་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་བརྟག་ཞིབ་ཀྱི་འབྲས་བུ་རབ་དང་རིམ་པ་ཆགས་པར་བྱས་པ་དེས་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཐབས་དང་ཇུས་ཡག་པོ་འདོན་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། མི་རིང་བའི་གོང་འཚོགས་པའི་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཞིབ་ཕྲའི་བཀོད་སྒྲིག་བྱས་པས། འཐབ་ཕྱོགས་གཅིག་གྱུར་ཐད་མི་སེམས་སྔར་བས་གཅིག་སྒྲིལ་དང་། བློ་གྲོས་སྔར་བས་གཅིག་སྒྲིལ། སྟོབས་ཤུགས་སྔར་བས་གཅིག་སྒྲིལ་བཅས་ཡོང་རྒྱུར་དེ་བས་མཐོ་བའི་བླང་བྱ་བཏོན་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"