མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྨི་ཤིའར་དང་ཞལ་པར་ཐོག་ནས་
བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་11ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་བཞིན་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྨི་ཤིའར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་རྨི་ཤིའར་ཡོ་རོབ་ལས་འཛིན་ལྷན་ཚོགས་སྐབས་གསར་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་འབྲེལ་འགན་ཡང་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་གཉིས་པོས་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་གྱི་འདོད་ཚུལ་འཛིན་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ལྟེ་བར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ། རྒྱལ་ཁབ་ཁག་གིས་སྒྲིག་སྲོལ་གཞིར་བཟུང་བྱ་སྤྱོད་སྤེལ་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། མིག་སྔའི་དུས་བབ་འོག་ཀྲུང་གོ་དང་ཡོ་རོབ་ཀྱིས་འབྲེལ་གཏུག་དང་། མཐུན་སྦྱོར། མཉམ་ལས་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་བྱེད་པ་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད་ལ་འཛམ་གླིང་ཡོངས་ལ་བརྟན་ལྷིང་རང་བཞིན་དང་། གཏན་འཁེལ་རང་བཞིན། དྲང་ནུས་བཅས་སྔར་བས་མང་པོ་ཡོང་རྒྱུའང་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་དམིགས་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད། ཀྲུང་གོ་དང་ཡོ་རོབ་ནི་གཉིས་ཕན་མཉམ་ལས་ཀྱི་རོགས་ཟླ་ལས་རྒྱལ་ཕམ་འགྲན་རྩོད་ཀྱི་ཁ་གཏད་མིན། ཀྲུང་གོ་འཕེལ་རྒྱས་འགྲོ་བ་དེ་ཡོ་རོབ་ཀྱི་ངོས་ནས་བརྗོད་ན་གོ་སྐབས་ལས་འགྲན་སློང་མིན། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ལ་འཛིན་པའི་སྲིད་ཇུས་རྒྱུན་མཐུད་དང་བརྟན་པོ་ཡོང་བ་བྱས་ཏེ། སྔར་བཞིན་ཡོ་རོབ་མནའ་འབྲེལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་ཡོ་རོབ་མནའ་འབྲེལ་གྱིས་རྒྱལ་སྤྱིའི་ཐོག་དགེ་མཚན་ལྡན་ལ་གལ་ཆེ་བའི་ནུས་པ་འདོན་པར་རྒྱབ་སྐྱོར་ཡང་བྱ་རྒྱུ་ཡིན། སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་སྒྲིག་གཞིས་ཀྱང་ཀྲུང་གོར་འཛིན་པའི་སྲིད་ཇུས་རྒྱུན་མཐུད་རང་བཞིན་དང་སྔ་བལྟས་ཕྱི་བསམ་རང་བཞིན་ལྡན་པར་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་མུ་མཐུད་དགེ་མཚན་ལྡན་པའི་སྒོ་ནས་འཕེལ་རྒྱས་ཧུར་ཐག་གཏོང་བ། ཀྲུང་གོ་དང་ཡོ་རོབ་དབར་གྱི་ཞི་བདེ་དང་། བརྟན་འཕར། སྒྱུར་བཅོས། ཡ་རབས་བཅས་ཀྱི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་དགེ་མཚན་ལྡན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱི་ལོའི་ཀྲུང་གོ་དང་ཡོ་རོབ་ཀྱི་འགྲོ་འོང་དང་ཉིན་རེའི་ལས་རིམ་གལ་ཆེན་རབ་དང་རིམ་པ་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཡོ་རོབ་མནའ་འབྲེལ་དང་ཡོ་ཨེའི་ཕན་ཚུན་སྦྲེལ་མཐུད་འཐབ་ཇུས་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་གང་མགྱོགས་འཇོག་ཐུབ་པའི་བརྩོན་ལེན་བྱ་རྒྱུ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་ནས་དོན་འཁྱོལ་ནུས་ལྡན་བྱ་རྒྱུ། 
    འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་ལས་དོན་དེ་ཕྱོགས་ཁག་ལ་ཕན་པའི་ཁ་ཕྱོགས་ཡང་དག་བརྒྱུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་འདོད་མོས་ཡོད་ཅེས་ནན་བཤད་གནང་བ་རེད།
    རྨི་ཤིའར་གྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་བཏོན་གནང་བའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་ཚུལ་དང་གྲོས་འགོར་ངས་ཡོངས་སུ་མོས་མཐུན་ཡོད། རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བཅས་ཀྱི་ཐད་ཡོ་རོབ་དང་ཀྲུང་གོར་ཐུན་མོང་གི་ངོས་འཛིན་བྱུང་ཡོད། ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཕྱོགས་གཉིས་ཀ་དང་དེ་བཞིན་འཛམ་གླིང་གི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། ཕྱི་ལོ་ཡོ་རོབ་དང་ཀྲུང་གོའི་དབར་ལ་མཐོ་རིམ་དབར་གྱི་འགྲོ་འོང་གལ་ཆེན་དང་དེ་བཞིན་གཙོ་གནད་ཀྱི་མཉམ་ལས་རབ་དང་རིམ་པ་ཡོང་རྒྱུ་རེད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། འབྲེལ་ཡོད་བྱེད་སྒོ་དང་མཉམ་ལས་ལ་གྲུབ་འབྲས་ཡག་པོ་ཐོབ་པའི་འགན་ལེན་བྱེད་པ་དང་། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་རྒྱུ། དེ་བཞིན་འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་བྱེད་པ་དང་གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་གཅོག་པ་སོགས་ཀྱི་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་བ་དམ་ཟབ་ཡོང་བ་བྱས་ཏེ་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཕྱིར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"