མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་25ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་མཇལ་འཛོམས་གནང་བ།

    ཟླ་12ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་མཇལ་འཛོམས་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་མཇལ་འཛོམས་གནང་བ་རེད།
    ཞི་ཅིན་ཕིང་གིས་ཝུན་ཙའེ་དབྱིན་ཀྲུང་གོར་ཀྲུང་རི་ཧན་བཅས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་བརྒྱད་པར་ཞུགས་པར་ཕེབས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་ཧན་རྒྱལ་ཁབ་གཉིས་ནི་ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་ཐོག་ནུས་པ་དང་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བར་སྐུལ་འདེད་གཏོང་བའི་ཐད་དེ་བས་ལེགས་པའི་འཕེལ་རྒྱས་མངོན་འགྱུར་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གྲ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་སོགས་ལ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད་ལ། ཐོག་མཐའ་བར་གསུམ་དུ་མཉམ་ལས་དམ་ཟབ་ཀྱི་གྲོགས་པོ་དང་རོགས་ཟླ་ཞིག་ཡིན། འདས་ཟིན་པའི་ལོ་གཉིས་ལྷག་ཙམ་རིང་། ཀྲུང་ཧན་གྱི་འབྲེལ་བ་དེ་བརྟན་པོ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱུང་ཡོད། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཡོང་བཞིན་པའི་མདུན་དུ་ཀྲུང་ཧན་རྒྱལ་ཁབ་གཉིས་པོས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་དང་འཕེལ་རྒྱས་གཏོང་བ་དང་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ཕན་ཚུན་ལྟ་རྟོག་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ། མི་མངོན་པའི་སྟོབས་ཤུགས་སྔར་བས་སྔོག་འདོན་དང་དངོས་གཉེར་མཉམ་ལས་ཀྱི་རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོ་དང་ཧན་གོ་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་འཆར་འགོད་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྔ་ཙམ་ཕན་འབྲས་ཐོན་པ་དང་སྔ་ཙམ་གྲུབ་འབྲས་ཐོབ་པ་བྱེད་པ་དང་། ཕྱོགས་གཉིས་པོའི་རང་མོས་ཚོང་དོན་གྱི་དུས་མཚམས་གཉིས་པའི་གྲོས་མོལ་མགྱོགས་སུ་གཏོང་བ། གསར་གཏོད་ཞིབ་སྤེལ་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དེ་བས་ལེགས་པའི་སྒོ་ནས་ལེགས་ཆ་གསབ་རེས་དང་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། ཀྲུང་ཧན་མི་ཆོས་རིག་གནས་སྤེལ་རེས་སྐུལ་འདེད་ཨུ་ལྷན་གྱི་ལས་སྟེགས་ཡག་པོ་སྤྱོད་པ་དང་སློབ་གསོ་དང་། ལུས་རྩལ། སྨྱན་སྦྱོར། གཞོན་ནུ་ལོ་ཆུང་། ས་གནས་སོགས་ཁྱབ་ཁོངས་སྤེལ་རེས་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་བརྩེ་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ས་མཚམས་སྒྲོལ་བའི་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཞི་མཐུན་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་སྲུང་སྐྱོང་རིང་ལུགས་དང་། ཕྱོགས་རྐྱང་རིང་ལུགས། བཙན་དབང་བྱ་སྤྱོད་བཅས་ཐོན་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཟང་ཟིང་བཟོ་བ་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་འཇིགས་སྐུལ་བཟོ་གི་ཡོད། འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་འཕེལ་རྒྱས་དེ་འཛམ་གླིང་འཕེལ་རྒྱས་རླབས་རྒྱུན་དང་འབྲེལ་འདྲིས་བྱས་ཏེ། རྒྱལ་ཁབ་ཁག་དང་མཉམ་དུ་འདྲ་མཉམ་གཉིས་ཕན་མཐའ་འཁྱོངས་དང་། གོ་སྐབས་མཉམ་སྤྱོད། འགན་འཁྲི་མཉམ་འཁུར་བཅས་ཀྱི་སྒོ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་འབད་བརྩོན་བྱེད་འདོད་ཡོད། 
    ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་དང་རྒྱལ་ཁབ་གཉིས་ཀྱི་ལུགས་མཐུན་དབང་ཆ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
ཝུན་ཙའེ་དབྱིན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་འདི་ལོ་ནི་ཧན་ཀྲུང་རྒྱལ་ཁབ་ལ་མཚོན་ན། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་ལ། ཧན་ཀྲུང་འབྲེལ་བར་གྲུབ་འབྲས་གལ་ཆེན་ཐོབ་པའི་ལོ་ཞིག་ཀྱང་རེད། ཧན་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་། རིག་གནས། ལུས་རྩལ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཧན་གོའི“ལྷོ་ཕྱོགས་གསར་པ་དང་བྱང་ཕྱོགས་གསར་པའི་སྲིད་ཇུས”དང་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་མཉམ་དུ་གསར་འབྱེད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཧན་གོ་ཕྱོགས་ཀྱི་ཀྲུང་གོ་ཕྱོགས་དང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཧན་གོར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་ཕུང་རུས་རྩིས་སྤྲོས་རྩིས་ལེན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཤང་ཀང་གི་བྱ་བ་དང་ཡང་ན་ཤིན་ཅང་དང་འབྲེལ་བའི་གནད་དོན་གང་ཞིག་ཡིན་རུང་། ཚང་མ་ནི་ཀྲུང་གོའི་ནང་སྲིད་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཁྲའོ་ཤན་ཕྱེད་གླིང་གི་དུས་བབ་ཐད་གཟིགས་སྟངས་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ཁྲའོ་ཤན་ཕྱེད་གླིང་གི་གནད་དོན་ཐད་ཀྲུང་ཧན་གྱི་ལངས་ཕྱོགས་དང་ཁེ་ཕན་གཅིག་མཐུན་ཡིན་པ་དང་ཚང་མས་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་འཁྱོངས་བྱེད་པ་དང་། གླེང་མོལ་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱེད་པའི་འདོད་ཚུལ་འཛིན་པ་དེ་ནི་བརྟན་ལྷིང་སྲུང་སྐྱོང་ལ་བརྟེན་ནས་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་སྟོབས་ཤུགས་ཤིག་རེད་ཅེས་གསུངས་པ་རེད། ཝུན་ཙའེ་དབྱིན་གྱིས་ཧན་གོ་ཕྱོགས་ཀྱིས་ཁྲའོ་ཤན་ཕྱེད་གླིང་གི་གནད་དོན་ཐག་གཅོད་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་ནུས་པ་གལ་ཆེན་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། ཕྱེད་གླིང་གནད་དོན་ཐད་མངོན་པའི་ཞི་བདེ་ཐག་གཅོད་ཀྱི་གོ་སྐབས་ལས་སླ་པོར་ཐོབ་པ་ཞིག་མིན་པས། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱེད་གླིང་གི་ཞི་བདེ་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"