མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2020ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་02ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ལོ་གསར་པ་འཆར་ལ་ཉེ་བའི་སྐབས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་སྟེགས་དང་དྲ་སྦྲེལ་བརྒྱུད་2020ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།

ལོ་གསར་པ་འཆར་ལ་ཉེ་བའི་སྐབས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་སྟེགས་དང་དྲ་སྦྲེལ་བརྒྱུད་2020ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ། 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ལོ་གསར་པ་འཆར་ལ་ཉེ་བའི་སྐབས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་སྟེགས་དང་དྲ་སྦྲེལ་བརྒྱུད་2020ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ་རེད། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ།
     2020ལོ་འཆར་ལ་ཉེ་བའི་དུས་འདིར་ངས་རྒྱལ་ས་པེ་ཅིང་ནས་ལྷན་རྒྱས་ལ་ལོ་གསར་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
    2019ལོར། ང་ཚོས་དཀའ་ལས་དུ་མ་བརྒྱབ་པར་གྲུབ་འབྲས་གང་ལེགས་ཐོབ་པ་དང་བྱ་བ་དངོས་བསྒྲུབས་ཏེ་བློ་རྩ་བརྟན་པོས་མདུན་དུ་བསྐྱོད་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། རང་རྒྱལ་གྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་བརྒྱ་ལ་ཉེ་བ་ཟིན་རྒྱུ་ཡིན་པ། མི་རེའི་ཆ་སྙོམས་ཡོང་འབབ་ཨ་སྒོར་ཆིག་ཁྲི་ཟིན་རྒྱུ་རེད། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་འགག་རྩའི་རྒྱལ་ཁ་ཐོབ་ཅིང་། པེ་ཅིང་དང་། ཐན་ཅིན། ཧོ་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་རྒྱུ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱ་རྒྱུ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་རྒྱུ་བཅས་ཀྱི་ལས་དོན་སྤེལ་མགྱོགས་སུ་བཏང་བ་དང་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཤིག་ཏུ་གྱུར་ཡོད། རྒྱལ་ཡོངས་སུ་ཆ་མཚོན་ན་རྫོང་དབུལ་པོ་340ཡས་མས་ཀྱི་དབུལ་ཞྭ་འབུད་ཐུབ་རྒྱུ་དང་མི་ཁྲི་1000ལྷག་ཙམ་དབུལ་སྒྲོལ་ཐུབ་རྒྱུ་རེད། ཟླ་བའི་ལྷ་མོ་རྟགས་ཅན་བཞི་པ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཟླ་བའི་གོ་ལའི་རྒྱབ་ངོས་སུ་ཐེངས་དང་པོར་བབས་པ་དང་། རྒྱང་སྐྱོད་རྟགས་ཅན་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་ལེགས་གྲུབ་བྱུང་བ། གངས་འབྲུག་རྟགས་ཅན་གཉིས་པ་ལྷོ་སྣེར་ཐེངས་དང་པོར་བསྐྱོད་པ། བྱང་སྐར་སྤུན་བདུན་ཕྱོགས་སྟོན་དྲ་ཚོ་གོ་ལ་ཧྲིལ་པོར་འཛུགས་པའི་ལས་དོན་སྤེལ་རིམ་འགག་རྩའི་དུས་མཚམས་སུ་སླེབས་པ། 5Gཚོང་སྤྱོད་དྲ་བ་འདོན་མགྱོགས་སུ་བཏང་བ། པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་བསྐྲུན་པ་ལ་སོགས། གྲུབ་འབྲས་དེ་དག་ནང་དུས་རབས་གསར་པའི་འབད་འཐབ་པ་རྣམས་ཀྱི་རྔུལ་ཁྲག་འདུས་པ་དང་དེ་དག་ལས་ཀྲུང་གོའི་ཉམས་འགྱུར་དང་ཀྲུང་གོའི་སྟོབས་ཤུགས་ཁྱད་དུ་འཕགས་པ་མངོན་གྱི་ཡོད།
ལོ་གཅིག་རིང་། སྒྱུར་བཅོས་སྒོ་དབྱེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མི་ཆད་པར་འཕེལ་ཞིང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། རང་མོས་ཚོང་དོན་ཚོད་ལྟ་ཁུལ་ཁག་གཅིག་དང་ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ཁུལ་གསར་གསར་དུ་བཙུགས་པ། ཚན་རྩལ་གསར་གཏོད་ལས་རྣམ་ལ་སྐུལ་འདེད་བདེ་བླག་ངང་བཏང་བ། ཁྲལ་རིན་གཉིས་ཆག་བྱུང་འབོར་སྒོར་དུང་ཕྱུར་ཁྲི་2ལས་བརྒལ་བ། མི་སྒེར་གྱི་ཐོབ་ཁྲལ་བསྡུ་འགོ་འཛུགས་ས་མཐོ་རུ་བཏང་བ། མང་ཚོགས་ཀྱི་རྒྱུན་དུ་སྤྱོད་པའི་སྨན་རྫས་མང་པོའི་རིན་གོང་བཅག་པ། དྲ་བ་མགྱོགས་ལ་རིན་གོང་སྔར་བས་དམའ་རུ་ཕྱིན་པ། གད་སྙིགས་རིགས་དབྱེའི་ལས་དོན་སྤེལ་ནས་ཐཱན་ཉུང་འཚོ་བའི་དར་སྲོལ་གསར་པར་སྣེ་ཁྲིད་བྱས་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོ་ལས་གཞི་རིམ་ལས་བྱེད་པ་གནོན་ཤུགས་མེད་པའི་ཐོག་ནས་ལས་ལ་ཞུགས་རྒྱུ་བྱུང་ཡོད། མེས་རྒྱལ་གྱི་ས་གཞི་ཆེ་མོར་ལྟ་སྐབས་གང་སར་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པས་ཁེངས་ཡོད།
     ལོ་གཅིག་རིང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བར་བརྟེན་མི་དམངས་དམག་དཔུང་ལ་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེན་གྱི་ཉམས་སྣང་མངོན་ཡོད། ང་ཚོས་རྒྱལ་སྟོན་དུས་ཆེན་གྱི་དམག་གཟིགས་མཛད་སྒོ་ཆེན་པོ་འཚོགས་པ་དང་། མཚོ་དམག་དང་མཁའ་དམག་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་འཚོགས་པ། རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་དང་པོ་དངོས་སུ་དཔུང་རུར་ཞུགས་པ། མི་དམངས་བུ་ཕྲུག་དམག་ནི་ནམ་ཡང་མེས་རྒྱལ་སྲུང་སྐྱོང་བྱེད་མཁན་གྱི་ལྕགས་དང་ངར་ལྕགས་ཀྱི་ལྕགས་རི་རིང་པོ་ལྟ་བུ་ཡིན་པས། ང་ཚོས་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་མཁན་གྱི་ལྷག་བསམ་རྣམ་པར་དཀར་བའི་སྲུང་དམག་རྣམས་ལ་གུས་འདུད་ཞུ་རྒྱུ་ཡིན།
     2019ལོར། ཆེས་བརྗེད་པར་དཀའ་བ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དེ་ཡིན། ང་ཚོས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ངོ་70ཡི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བསྟོད་གླུ་ཕུལ་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྲ་ཞིང་བརྟན་པའི་སྟོབས་ཤུགས་ལས་སྐྱེ་བོ་ཀུན་ལ་སྐུལ་མ་ཐེབས་ཡོད། རྔམ་བརྗིད་ཆེ་བའི་དམག་གཟིགས་རུ་སྟར་དང་སྤྲོ་བ་རབ་ཏུ་རྒྱས་པའི་མང་ཚོགས་ཀྱི་ཁྲོམ་སྐོར་ལས་གནམ་བདེ་སྒོ་མོའི་ཐང་ཆེན་དེ་ཉིད་དགའ་སྤྲོས་ཁེངས་པའི་རྒྱ་མཚོ་ལྟ་བུར་གྱུར་ཡོད། རྒྱལ་ཡོངས་ས་ཕྱོགས་ཀུན་ལ་དམར་མདངས་བཀྲ་བའི་གཟབ་མཆོར་སྤྲས་པ་དང་། མི་རྣམས་ཀྱི་ངོ་གདོང་ནས་སྤོབས་ཉམས་ལྡན་པའི་འཛུམ་མདངས་འཕྱུར་ཞིང《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་དབྱངས་ཁྲོམ་གཞུང་དང་སྲང་ལམ་གང་སར་གྲགས་ཡོད། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ལས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱིས་མི་རིགས་ཀྱི་གཞི་རྟེན་བསྐྲུན་ཡོད། དེ་དག་ཡོད་ཚད་ཀྲུང་གོ་གསར་པར་བསྟོད་གླུ་འབུལ་བ་དང་དུས་རབས་གསར་པར་འབད་འཐབ་བྱེད་པའི་མདུན་སྐྱོད་ཀྱི་རླབས་རྒྱུན་ཞིག་ཆགས་ནས་ང་ཚོར་རྫོགས་མཐའ་མེད་པའི་སྟོབས་ཤུགས་སྦྱིན་ཡོད།
     ལོ་གཅིག་རིང་། ངས་ས་ཆ་མང་པོ་ཞིག་ལ་བསྐྱོད་པ་ཡིན། ཞུང་ཨན་ཁུལ་གསར་གྱི་འཆར་འགོད་མང་པོ་ཞིག་ལག་བསྟར་བྱེད་འགོ་བཙུགས་པ་དང་། ཐན་ཅིན་གྲུ་ཁ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་པ། པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པ་གསོན་ཤུགས་ཀྱིས་ཁེངས་པ། ནང་སོག་གི་རྩྭ་ཐང་ཆེ་མོ་བརྗིད་ཆགས་ཡིད་དུ་འོང་བ། རྨ་ནུབ་དོག་ལམ་ལས་རྣམ་པ་གསར་པ་མངོན་པ། རྨ་ཆུའི་ཆུ་ལམ་ཡངས་ཤིང་ཤང་ཤང་དུ་རྒྱུག་པ། ཧོང་ཕུའུ་ཅང་གཙང་པོའི་ངོགས་གཉིས་སུ་ཐོན་ཁུངས་ཕུན་སུམ་ཚོགས་ལ་མང་ཚོགས་བདེ་ཞིང་སྐྱིད་པ་སོགས་མེས་རྒྱལ་གྱི་ས་ཕྱོགས་ཁག་ཏུ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པས་ཁེངས་འདུག 
    ངས་ཀྲུང་གོའི་གསར་བརྗེའི་ལམ་བུ་དེད་དེ་དཀའ་སྤྱད་འབད་འཐབ་ཀྱིས་ཐོག་མའི་བསམ་འདུན་ལ་ཞུན་བརྡར་བྱས་པ་ཡིན། ཅང་ཤིས་ཡུས་ཏུའུ་ཡི་དམར་དམག་རྒྱང་སྐྱོད་ཀྱི་མཉམ་འཛོམས་རྡོག་ཐོན་བྱེད་ས་ནས་ཧོ་ནན་ཤིན་རྫོང་གི་ཨེ་ཡུས་ཝན་སུའུ་ཝེ་ཨའེ་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གྱི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་བར་དང་། ཀན་སུའུ་ཡི་ཀའོ་ཐའེ་ནུབ་ལམ་དམག་གི་དྲན་གསོའི་རྡོ་རིང་ནས་པེ་ཅིང་ཤང་ཧྲན་གྱི་གསར་བརྗེའི་དྲན་གསོ་བྱ་ཡུལ་བར་སོགས་ས་ཆ་དེ་དག་རེ་རེར་བསྐྱོད་པ་ལས་ངར་དྲན་འཆར་མང་པོ་ཞིག་བྱུང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ང་ཚོས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས་པའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཤིག་རེད།
     སྔར་རྒྱུན་བཞིན་ངས་ལས་བྲེལ་ག་ཚོད་ཆེ་ཡང་དུས་ཚོད་བཙལ་ནས་ཡུལ་མི་རྣམས་ལ་བལྟ་བར་འགྲོ་གི་ཡོད། ཚང་མས་ངར་སེམས་ནང་གི་སྐད་ཆ་མང་པོ་བཤད་བྱུང་། ངས་ཀྱང་དེ་དག་ཚང་མ་སེམས་ནང་བཞག་ཡོད། ཡུན་ནན་ཀུང་ཧྲན་གྱི་ཏུའུ་ལུང་རིགས་ཀྱི་མང་ཚོགས་དང་། ཧྥུའུ་ཅན་ཧྲའུ་ཉིང་རྫོང་ཞ་ཏང་ཤང་གི་ཡུལ་མི། ཝང་ཅེའི་བཅུ་ཤོག་གི་འཐབ་འཛིང་པ་ཡོངས། པེ་ཅིང་ལུས་རྩལ་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ཨང་དང་པོའི་འཛིན་གྲྭའི་སློབ་གྲོགས། ཨའོ་མོན་གྱི་གྲོགས་པོ་ཆུང་ཆུང་། འོས་འགན་ཞབས་འདེགས་པ་རྒན་གྲས་བཅས་ནས་ངར་ཡི་གེ་བསྐུར་བྱུང་། ངས་ཀྱང་ཡིག་ལན་ནང་ཚང་མར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་ཡིན་ལ། ཁོང་ཚོར་སྨོན་འདུན་བཟང་པོའང་ཞུས་པ་ཡིན།
     ལོ་གཅིག་རིང་མི་དང་བྱ་བ་མང་པོ་ལས་ང་ཚོར་སེམས་འགུལ་ཐེབས་ཤིང་། མི་ཚེ་ཧྲིལ་པོར་རང་ཉིད་ཀྱི་བྱས་རྗེས་གསང་ནས་ཐོག་མའི་བསམ་འདུན་ལ་འགྱུར་བ་མི་གཏོང་མཁན་ཀྲང་ཕུའུ་ཆིང་དང་། ལང་ཚོ་དང་ཚེ་སྲོག་དབུལ་སྒྲོལ་བྱ་གཞག་ལ་སྐྱེས་སུ་འབུལ་མཁན་ཧོང་ཝུན་ཤིའུ། སི་ཁྲོན་མུ་ལིའི་མེ་སྐྱོན་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་དཔའ་བོ་སུམ་ཅུ་སོ་གཅིག རང་གི་ལུས་པོས་འཐབ་གྲོགས་ལ་སྲུང་སྐྱོབ་བྱེད་མཁན་ཏུའུ་ཕུའུ་གོ རྒྱལ་ཁ་ཐེངས་བཅུ་གཅིག་བསྟུད་མར་བླངས་ནས་འཛམ་གླིང་བུམ་པའི་ཨང་དང་པོ་ལེན་མཁན་ཀྲུང་གོའི་བུད་མེད་ཕའེ་ཆུའུ་སྤོ་ལོའི་རུ་ཁག་ལ་སོགས། གནོང་འགྱོད་སྤུ་ཙམ་མེད་ཅིང་ལེགས་སྐྱེས་འབུལ་བར་སྤྲོ་བའི་མིང་མེད་དཔའ་བོ་མང་པོས་སྤྱིར་བཏང་མིན་པའི་མི་ཚེའི་གཏམ་རྒྱུད་མང་པོ་བརྩམས་ཡོད།
     2019ལོར་ཀྲུང་གོས་མུ་མཐུད་དེ་འཛམ་གླིང་དང་འབྲེལ་གཏུག་དམ་ཟབ་བྱས་ཤིང་། ང་ཚོས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་དང་། པེ་ཅིང་རྒྱལ་སྤྱིའི་སྐྱེད་ཚལ་དངོས་མང་སྟོན་ཚོགས། ཨེ་ཤེ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་བཅས་གཙོ་གཉེར་བྱས་ནས་འཛམ་གླིང་ལ་ཤེས་དཔལ་དང་། སྒོ་དབྱེ། བསྟུན་མཁས་བཅས་ཀྱི་ཀྲུང་གོ་ཞིག་མངོན་པར་བྱས་ཡོད། ངས་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོ་མང་པོ་ཞིག་དང་མཇལ་འཛོམས་བྱས་ནས་ཀྲུང་གོའི་འདོད་ཚུལ་མཉམ་སྤྱོད་བྱས་པས་མཛའ་གྲོགས་ཟབ་ཏུ་སོང་ཡོད་ལ། ཐུན་མོང་གི་ངོས་འཛིན་ཡང་ཟབ་ཏུ་ཕྱིན་ཡོད། རང་རྒྱལ་དང་ཕྱི་འབྲེལ་འཛུགས་མཁན་འཛམ་གླིང་ཐོག་གི་རྒྱལ་ཁབ་ཁག་གཅིག་སླར་ཡང་མང་དུ་སོང་སྟེ་རང་རྒྱལ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་180ཟིན་ནས་ང་ཚོའི་གྲོགས་པོ་གནམ་འོག་གང་སར་ཁྱབ་ཡོད།
     2020ལོ་ནི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཏེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན། 2020ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཀྱང་ཡིན། གདོང་མཆོང་གི་དུང་བརྡ་བསྒྲགས་ཟིན། ང་ཚོས་ཀུན་སེམས་གཅིག་སྒྲིལ་གྱིས་འབད་འཐབ་བྱེད་དགོས་ཤིང་། དཀའ་ངལ་ཇི་ཙམ་ཆེ་བ་དེ་ཙམ་གྱིས་གདོང་མཆོང་བྱས་ཏེ། ཞན་ཆ་དག་ཏན་ཏིག་ངང་གསབ་པ་དང་། རྨང་གཞི་སྔར་བས་བརྟན་དུ་བཏང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ད་ལྟའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་དབུལ་པོ་ཚང་མ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་དང་དབུལ་ཕོངས་རྫོང་ཚང་མའི་དབུལ་ཞྭ་འབུད་ཐུབ་པ་བྱེད་དགོས།
     ཉིན་ཤས་གོང་ངས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པ་ཡིན། ཨའོ་མོན་དར་རྒྱས་བརྟན་ལྷིང་ཡིན་པ་མཐོང་སྐབས་ང་དགའ་བ་དཔག་མེད་སྐྱེས་བྱུང་། ཨའོ་མོན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ལས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཡོངས་སུ་ལུགས་དང་མཐུན་པ་དང་། སྒྲུབ་ཐུབ་པ། མི་སེམས་ལ་ཟུག་པ་བཅས་ཡིན་པ་ར་སྤྲོད་ཐུབ་ཀྱི་ཡོད། ཉེ་བའི་ཟླ་བ་ཁ་ཤས་ནང་ཤང་ཀང་གི་དུས་བབ་ཀྱིས་ཚང་མར་སེམས་ཁྲལ་བཟོས་ཡོད། འཆམ་མཐུན་བརྟན་ལྷིང་གི་ཁོར་ཡུག་མེད་ན་བདེ་སྡོད་ལས་བརྩོན་གྱི་ཁྱིམ་གཞིས་ཡོང་མི་ཐུབ། ཤང་ཀང་ཡག་པོ་དང་སྤུན་ཟླ་ཤང་ཀང་བ་ཡག་པོ་ཡོང་བའི་རེ་བ་སྙིང་དབུས་ནས་བྱེད་ཀྱི་ཡོད། ཤང་ཀང་གི་དར་རྒྱས་བརྟན་ལྷིང་ནི་སྤུན་ཟླ་ཤང་ཀང་བའི་བསམ་འདུན་ཡིན་ལ་མེས་རྒྱལ་མི་དམངས་ཀྱི་རེ་བའང་ཡིན།
     ལོ་རྒྱུས་ཀྱི་ཆུ་རྒྱུན་རྒྱུན་ཆད་མེད་པར་རྒྱུག་ཅིང་། རླབས་འཇགས་ཞི་འཇམ་ཡོད་ལ་རྦ་རླབས་དྲག་ཏུ་འཕྱུར་བའང་ཡོད། ང་ཚོ་རླུང་འཚུབ་དྲག་ཆར་ལ་མི་སྐྲག་ལ་དཀའ་ངལ་དང་འགོག་རྐྱེན་ལ་ཡང་མི་སྐྲག ཀྲུང་གོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་དང་བློ་བརྟན་འགྱུར་ངང་འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་ལག་གདང་སྦྲེལ་ཐོག ཧུར་བརྩོན་ཆེན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་གཏོད་ཆེད་འབད་འཐབ་ལྷོད་མེད་བྱེད་འདོད་ཡོད།
     དུས་སྐབས་འདིར་ད་དུང་མི་མང་པོ་ཞིག་གིས་ལས་གནས་བརྟན་སྲུང་བྱེད་པ་དང་། མི་མང་པོ་ཞིག་གིས་བདེ་འཇགས་སྲུང་སྐྱོང་བྱེད་པ། མི་མང་པོ་ཞིག་གིས་དཀའ་སྤྱད་ངལ་རྩོལ་བྱེད་བཞིན་ཡོད། མཚམས་འདིར་ཚང་མར་སྐུ་ལས་ཁག་སོང་ཞེས་ཞུ་རྒྱུ་ཡིན།
     ང་ཚོས་དུས་ཚོད་དམ་འཛིན་དང་དུས་བཟང་ལ་གཅེས་སྤྲས་བྱས་ནས་2020ལོ་མཉམ་དུ་བསུ་རྒྱུ་ཡིན།
    ལྷན་རྒྱས་ལོ་གསར་བཀྲ་ཤིས་བདེ་ལེགས།

  
style="display:none;"