རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་ནན་བཤད་གནང་བ།
▶ རྨ་ཆུ་རྒྱུག་ཁུལ་གྱིས་ངེས་པར་དུ་ནུས་ཤུགས་ཆེན་པོ་བཏོན་ཏེ་སྲུང་སྐྱོང་ཆེན་པོ་དང་བཅོས་སྐྱོང་ཆེན་པོ་བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་དགོས། དེ་བཞིན་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ནུབ་རྒྱུད་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་ཞིག་ཆགས་པར་བྱེད་དགོས།
▶ རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་དོན་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་འཆར་གཞི་ཡག་པོ་འགོད་པ་དང་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་དགོས། སྣོད་བཅུད་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས། ཆུ་ལ་གཞིགས་ནས་བྱེད་པ་དང་ཆུ་གྲོན་ཆུང་གལ་ཆེར་འཛིན་པ་མཐའ་འཁྱོངས། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ལག་བསྟར་མཐའ་འཁྱོངས། སྤྱི་འདོམས་འཆར་འགོད་དང་ཐུན་མོང་ཐོག་སྐུལ་འདེད་མཐའ་འཁྱོངས་བྱེད་ དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་3ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནད་དོན་དང་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱས་པ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རྨ་ཆུ་རྒྱུག་ཁུལ་གྱིས་ངེས་པར་དུ་ནུས་ཤུགས་ཆེན་པོ་བཏོན་ཏེ་སྲུང་སྐྱོང་ཆེན་པོ་དང་བཅོས་སྐྱོང་ཆེན་པོ་བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་དགོས། དེ་བཞིན་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ནུབ་རྒྱུད་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་ཞིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་བཅས་ཡིན་པའི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་བཅས་ཡིན་པའི་ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ་རེད།
ཚོགས་འདུའི་ཐོག་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནད་དོན་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རང་བྱུང་ཐོན་ཁུངས་པུའུ། སྣོད་བཅུད་ཁོར་ཡུག་པུའུ། ཆུ་བེད་པུའུ། རིག་གནས་དང་ཡུལ་སྐོར་པུའུ་བཅས་ཀྱི་སྙན་ཞུ་དང་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་དོན་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཁྲུང་ཆིང་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་བཅས་ཀྱི་སྙན་ཞུ་གསན་པ་རེད།
ཚོགས་འདུའི་ཐོག་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་དོན་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་འཆར་གཞི་ཡག་པོ་འགོད་པ་དང་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་དགོས། སྣོད་བཅུད་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། ཐེ་ཇུས་བྱས་དྲགས་པ་དང་བེད་སྤྱོད་བྱས་དྲགས་པ་རང་བཞིན་སླར་གསོ་དང་སོར་ཆུད་སྐྱེ་འཕེལ་ཕྱོགས་སུ་བསྒྱུར་ནས་ལྗང་མདོག་དང་རྒྱུན་མཐུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བློ་རྩ་བརྟན་པོས་སྐྱོད་དགོས་པ་དང་།
ཆུ་ལ་གཞིགས་ནས་བྱེད་པ་དང་ཆུ་གྲོན་ཆུང་གལ་ཆེར་འཛིན་པ་མཐའ་འཁྱོངས་བྱས་ཏེ། ལུགས་དང་མ་མཐུན་པའི་ཆུ་སྤྱོད་དགོས་མཁོར་མཐའ་གཅིག་ཏུ་ཚོད་འཛིན་བྱས་ནས་ཆུ་བེད་སྤྱོད་བྱེད་སྟངས་རགས་ལས་ནུས་ཆུང་ནས་ཞིབ་ལས་གྲོན་ཆུང་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ལག་བསྟར་མཐའ་འཁྱོངས་བྱས་ཏེ། ས་ཁུལ་ཁག་གི་དགེ་མཚན་འདོན་སྤེལ་བྱས་ནས་འབྲུ་རིགས་འཕྲོད་སར་འབྲུ་རིགས་དང་། ཞིང་ལས་འཕྲོད་སར་ཞིང་ལས། བཟོ་ལས་འཕྲོད་སར་བཟོ་ལས། ཚོང་ལས་འཕྲོད་སར་ཚོང་ལས་བཅས་སྤེལ་དགོས། སྤྱི་འདོམས་འཆར་འགོད་དང་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཏེ། རྒྱུག་ཁོངས་ཡོངས་དང་སྣོད་བཅུད་མ་ལག་གི་ཁྱོན་ཡོངས་རང་བཞིན་ལ་གཞི་བཙུགས་ནས་སྲུང་སྐྱོང་ཆེན་པོར་ཐུན་མོང་ཐོག་དམ་འཛིན་ཡག་པོ་དང་བཅོས་སྐྱོང་ཆེན་པོར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རིང་མངོན་གསལ་དོད་པའི་གནད་དོན་ཆེ་རིགས་ཐག་གཅོད་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཤིང་། ལྟག་ཆུ་བསྐྱིལ་གསོག་དང་། ས་ཆུ་ཤོར་བ་བཅོས་སྐྱོང་། རྨ་ཆུའི་ཟུར་གསུམ་གླིང་གི་བརླན་སའི་སྣོད་བཅུད་མ་ལག་ཉམས་གསོ་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་ཏེ། རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོར་སྐུལ་འདེད་གཏོང་དགོས། ཆུའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་དང་། རླུང་ཁམས་ཆེན་པོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་། ས་རྒྱུའི་སྦགས་བཙོག་བཅོས་སྐྱོང་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆུ་གྲོན་ཆུང་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་། ཆུ་གཙང་པོར་གཏོང་བ་རྒྱུན་འཁྱོངས། སྔོན་ལ་ཆུ་བོའི་སྟོད་རྒྱུད་དང་རྗེས་ལ་སྨད་རྒྱུད་བཅོས་སྒྲིག་རྒྱུན་འཁྱོངས། སྔོན་ལ་ཆུ་ལག་དང་རྗེས་ལ་ཆུ་གཞུང་བཅོས་སྒྲིག་རྒྱུན་འཁྱོངས། ཆུ་ལམ་དང་གྲམ་ཐང་གི་ཕྱོགས་བསྡུས་མཐོར་གཏོང་བཅོས་སྒྲིག་ལས་གྲྭ་ལག་བསྟར། ཆུ་གྲོན་ཆུང་དང་ཆུ་ཚོད་འཛིན་གྱི་བྱ་སྤྱོད་སོགས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། ཆུའི་ཐོན་ཁུངས་ལ་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ལན་ཀྲོའུ་ནས་ཟི་ལིང་བར་གྱི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྨ་ཆུའི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཤིས་ཨན་དང་ཀྲེང་ཀྲོའུ་ཡི་རྒྱལ་ཁབ་ལྟེ་གནས་གྲོང་ཁྱེར་གྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ། ཧྲན་ཏུང་ཕྱེད་གླིང་གི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་སྣེ་འདྲེན་ནུས་པ་འདོན་སྤེལ། རྨ་ཆུའི་འགྲམ་རྒྱུད་ཀྱི་ལྟེ་བའི་གྲོང་ཁྱེར་དང་དེ་བཞིན་གྲོང་ཁྱེར་ཁྱུ་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཆུ་ལ་བརྟེན་ནས་ས་ཞིང་གཏན་འཁེལ་དང་ཆུ་ལ་བརྟེན་ནས་ཐོན་ཚད་གཏན་འཁེལ་རྒྱུན་འཁྱོངས་ཀྱིས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་ལ་ལྡོག་སྐུལ་བྱས་ཏེ་དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་དགོས། རྨ་ཆུའི་རིག་གནས་ཤུལ་བཞག་མ་ལག་གི་སྲུང་སྐྱོང་ལས་གྲྭ་ལག་བསྟར་དང་། རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་ས་ཁུལ་འཛུགས་སྐྲུན། རྨ་ཆུའི་རིག་གནས་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་བ་བཅས་བྱས་ནས་རྨ་ཆུའི་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།
ཚོགས་འདུའི་ཐོག་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དེས་ནུབ་རྒྱུད་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་ཞིག་ཆགས་པ་དང་སྐམ་སའི་སྒོ་དབྱེའི་འཐབ་ཇུས་ཀྱི་མཐོ་ས་གཏོད་པར་ཕན་ཐོགས་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཡང་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད།
ཚོགས་འདུའི་ཐོག་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པ་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་ཞིང་། རྩེ་རིམ་ཇུས་འགོད་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ལྟེ་བའི་གྲོང་ཁྱེར་གྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཡོང་བ་དང་། གཞི་རྐྱེན་ཁྲོམ་ར་ཅན་གྱི་བཀོད་སྒྲིག་ལ་ཤུགས་སྣོན། གཞི་གཅིག་ཅན་གྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས། གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་བཀོད་སྒྲིག ཕན་ཚུན་མཉམ་ལས། ཐུན་མོང་ལག་བསྟར་བཅས་ཀྱིས“གྲོང་ཁྱེར་གཉིས་ཀྱི་གཏམ་རྒྱུད”ལེགས་པར་རྩོམ་དགོས་ཞེས་ནན་བཤད་བྱས་ཡོད།
|