མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཧན་ཀྲེང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་
གཉིས་པའི་ཐོག“ནན་ཤོས་བཞིའི”བླང་བྱ་དོན་འཁྱོལ་བྱས་ཐོག་འགན་འཁྲིའི་སེམས་པ་དང་
དགོས་གཏུགས་ཀྱི་སེམས་པ་ཟབ་ཏུ་ཧུར་ཐག་བཏང་ནས་བཟའ་བཅའི་བདེ་འཇགས་
ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་ཞེས་ནན་གསུངས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་21ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཧན་ཀྲེང་གིས་ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད། ད་དུང་2019ལོའི་བཟའ་བཅའི་བདེ་འཇགས་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་ནས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་བ་དང་སྦྲགས་2020ལོའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།
      བཟའ་བཅའི་བདེ་འཇགས་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས། ཧན་ཀྲེང་གིས། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ནན་ཤོས་བཞིའི”བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་འགན་འཁྲིའི་སེམས་པ་དང་དགོས་གཏུགས་ཀྱི་སེམས་པ་ཟབ་ཏུ་ཧུར་ཐག་གཏོང་བ་དང་བཟའ་བཅའི་བདེ་འཇགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། བཟའ་བཅའི་བདེ་འཇགས་ལས་དོན་ཏན་ཏིག་བསྒྲུབས་ཏེ། བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དུས་དང་རྣམ་པ་ཀུན་ཏུ་མཐའ་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་གནད་དོན་ཤེས་རྟོགས་ལམ་སྲོལ་བཙུགས་ཐོག་མི་སེར་ཚོའི་དོ་ཁུར་བྱ་ཡུལ་ལ་དམིགས་ནས་གནད་དོན་དངོས་འབྲེལ་ཐག་གཅོད་བྱེད་དགོས་པ་དང་། གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     ཧན་ཀྲེང་གིས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱས་ནས་ལྟ་འདོམས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། འབྱུང་རྩ་ནས་བཅོས་སྒྲིག་བྱེད་པའི་ཕན་ནུས་ཆེ་རུ་བཏང་ནས་བཟའ་བཅའི་བདེ་འཇགས་ལྟ་འདོམས་ཀྱི་འགག་སྒོ་མདུན་དུ་སྤོ་དགོས། ཚད་གཞི་དང་ཟབ་ཚད་རིམ་བཞིན་མཐོ་རུ་བཏང་ནས་ཆེས་གཟབ་ནན་གྱི་ཚད་གཞིའི་བླང་བྱ་ལྟར། རྒྱལ་སྤྱི་དང་བསྡུར་བ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ། སྤྱོད་གོ་ཆོད་པ། སྤྱོད་བདེ་བ་བཅས་ཀྱི་བཟའ་བཅའི་བདེ་འཇགས་ཚད་གཞི་ཞིག་རིམ་བཞིན་འཛུགས་དགོས། ལྟ་འདོམས་ཀྱི་ཚན་རིག་རང་བཞིན་ཆེ་རུ་བཏང་ནས་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་མཉམ་བཅོས་ལ་ཤུགས་སྣོན་རྒྱག་དགོས། ཁྲིམས་བཞིན་བཅོས་སྒྲིག་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས་ཁེ་ལས་ཁག་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། གནད་དོན་ཐོན་ཚེ། ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་དང་འགན་འཁྲི་དང་པོ་གཙོ་གནད་ཐོག་བདའ་འདེད་བཏང་ནས། ཁེ་ལས་ཀྱི་ཁྲིམས་མི་དང་འབྲེལ་ཡོད་འགན་འཁུར་བར་ཁྲིམས་བཞིན་ཆད་པ་གཅོད་དགོས། མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ཨ་ལན་བསློགས་ནས་དངོས་ཐོག་བདེན་འཚོལ་གྱིས་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས། ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཏོགས་ཁོངས་དོ་དམ་འགན་འཁྲི་ཡག་པོ་བསྒྲུབས་ནས། ལས་འགན་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཧུའུ་ཁྲུན་ཧྭ་དང་། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡུང་རྣམ་གཉིས་ཀྱང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།
      ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། སྤྱི་བདེ་པུའུ། ཞིང་ལས་གྲོང་གསེབ་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་ཀྱང་གཏམ་བཤད་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་ཚོགས་འདུར་ཞུགས་པ་དང་། བཟའ་བཅའི་བདེ་འཇགས་ཨུ་ལྷན་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པ་རེད། 

  
style="display:none;"