མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2020ལོའི་ཐའེ་དབན་གྱི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ། དབང་དབྱང་ཕེབས་པ་དང་
འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་21ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་2020ལོའི་ཐའེ་དབན་གྱི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཐའེ་དབན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས“ཞི་བའི་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཐོག་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གིས་ཐའེ་དབན་གྱི་ལས་དོན་ལ་འཛིན་པའི་ཐབས་ཇུས་བཀོད་སྒྲིག་དམིགས་སར་དོན་འཁྱོལ་ཡོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེན་གྱི་རྒྱལ་ཁ་ལེན་པ་དང་མེས་རྒྱལ་རྦད་དེ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
དབང་དབྱང་གིས་འདས་ཟིན་པའི་ལོ་གཅིག་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་གཅིག་འདོམས་དང་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ནས་དུས་རབས་གསར་པའི་ཐའེ་དབན་གྱི་ལས་དོན་ཕྱོཌ་ཡོངས་ནས་བཀོད་སྒྲིག་བྱས་ཡོད། 《སྤུན་ཟླ་ཐའེ་དབན་བར་སྤྲིངས་པའི་འཕྲིན་ཡིག》འགྲེམས་སྤེལ་བྱས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་མ་ཟད། འགག་སྒྲོལ་དཀའ་སེལ་དང་ཇུས་ཤུགས་མཉམ་འདོན་བྱས་ཏེ་ཐའེ་དབན་གྱི་ལས་དོན་ལ་ཡར་རྒྱས་གོང་འཕེལ་བྱུང་བ་དང་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་བྱེད་རིན་ཡོད་ཅེས་གསུངས་པ་རེད།
     དབང་དབྱང་གིས་2020ལོར་ཐའེ་དབན་མཚོ་འགག་གི་དུས་བབ་སྔར་བས་རྙོག་འཛིང་ཆེ་ཞིང་ཛ་དྲག་པོ་ཡོད་པས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།
   “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཐའེ་དབན་གྱི་ལས་དོན་ཐད་འཛིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ནས་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གནད་སྨིན་ཐབས་ཇུས་ལག་ལེན་བསྟར་ནས་ཐའེ་དབན་གྱི་མི་དམངས་ལ་ཕན་པའི་སྲིད་ཇུས་དང་བྱ་ཐབས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་བྱེད་པ། སྤུན་ཟླ་ཐའེ་དབན་བའི་བདེ་སྐྱིད་འགན་ལེན་བཅས་ཀྱི་ལམ་ལུགས་བཀོད་སྒྲིག་དང་སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། ངོགས་གཉིས་ཀྱི་གཞོན་ནུའི་དབར་སྤེལ་རེས་ལ་སྐུལ་མ་ཤུགས་ཆེན་བཏང་ནས་ཐའེ་དབན་གྱི་གཞོན་སྐྱེས་རྣམས་སྐམ་སར་སློབ་སྦྱོང་དང་། དངོས་སྦྱོང་། ལས་གཏོད། ལས་ཞུགས་བཅས་ལ་ཡོང་བར་དེ་བས་མཐུན་རྐྱེན་སྐྲུན་དགོས། རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་གོང་མཐོར་གཏོང་བ་དང་། ཐའེ་དབན་ལས་དོན་ཐད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་སྒྲུབ་དགོས། ཐའེ་དབན་ལས་དོན་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ། འབད་འབུངས་ཡར་བརྩོན་གྱིས་དུས་རབས་གསར་པའི་ཐའེ་དབན་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
      རྒྱལ་དོན་ཨུ་ཡོན་ཝང་དབྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཐའེ་དབན་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཅེ་དབྱིས་ལས་དོན་སྙན་སྒྲོན་གནང་བ་རེད། ཀྲུང་དབྱང་ཏང་སྲིད་དམག་གི་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཕེབས་ཡོད་པ་རེད། 

  
style="display:none;"