མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཞི་ཅིན་ཕིང་ཡུན་ནན་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་
མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་23ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཚེས་20ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཁུན་མིང་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཀྱི་འགྲེམས་ཁང་ཕྱིའི་ཐང་ཆེན་དུ་ཡུན་ནན་གྱི་མང་ཚོགས་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས། ཀང་ཨའོ་ཐའེ་གསུམ་གྱི་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུ་བཞིན་པ།

འདི་ནི་ཚེས་20ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཁུན་མིང་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཀྱི་འགྲེམས་ཁང་ཕྱིའི་ཐང་ཆེན་དུ་ཡུན་ནན་གྱི་མང་ཚོགས་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས། ཀང་ཨའོ་ཐའེ་གསུམ་གྱི་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུ་བཞིན་པ།

     རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་དང་། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་སྔར་བས་ཡག་ཏུ་འགྲོ་བ་དང་མེས་རྒྱལ་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུས་པ།
      ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཡུན་ནན་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་མ་ཟད། རྒྱལ་ཡོངས་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།
    ཟླ་1ཚེས་19ནས་21ཉིན་བར། ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཧའོ་དང་ཧྲེང་ཀྲང་རོན་ཁྲེང་ཧྥ་ཡི་ཕེབས་རོགས་འོག ཐེང་ཁྲུང་དང་ཁུན་མིང་སོགས་ཀྱི་གྲོང་གསེབ་དང་། གནའ་བོའི་གྲོང་རྡལ། སྣོད་བཅུད་འདམ་ར། ལོ་གསར་གྱི་མཁོ་ཆས་ཁྲོམ་ར། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བཅས་སུ་རྟོག་ཞིབ་གནང་བར་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འཚམས་འདྲི་གནང་ལུགས་མཚོན་པར་གནང་བ་རེད།
    པའོ་ཧྲན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཐེང་ཁྲུང་གྲོང་ཁྱེར་ཆིང་ཧྲུའེ་ཤང་སན་ཅ་གྲོང་ཚོ་ནི་དེ་སྔ་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན་པ་དང་སྤྱི་ལོ་2017ལོར་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་ཡོད། ཚེས་19ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་སན་ཅ་གྲོང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་གནས་ཚུལ་མཁྱེན་རྟོགས་གནང་བར་ཕེབས་པ་རེད། ས་གནས་དེ་གའི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིར་ཉེ་བའི་ལོ་ཤས་རིང་། སན་ཅ་གྲོང་ཚོས་གྲོང་གསེབ་ཀྱི་ཡུལ་སྐོར་དང་། འདེབས་འཛུགས་དང་གསོ་ཚགས་ལས་རིགས། ངལ་ནུས་ཕྱིར་གཏོང་བཅས་འཕེལ་རྒྱས་ཧུར་ཐག་བཏང་བའི་ཁར། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་བས། དབུལ་པོ་ཐོན་ཚད་སྤྱི་ལོ་2014ལོའི་21%ནས་མིག་སྔའི་0.45%བར་ཆག་ཡོད་ཅེས་ཞུས་པར་ཞི་ཅིན་ཕིང་གིས་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་མ་ལུས་པ་བྱེད་དགོས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་བཏང་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མི་རིགས་ཁག་གི་མི་དམངས་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་སན་ཅ་གྲོང་ཚོའི་ཀྲུང་ཀྲའེ་སི་མོ་ལཱ་དབའ་རིགས་གྲོང་ཚོར་ཕེབས་ནས་གྲོང་གསེབ་དར་རྒྱས་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་སྡེ་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། “སི་མོ་ལཱ”ཞེས་པ་ནི་དབའ་རིགས་ཀྱི་སྐད་དུ་བདེ་སྐྱིད་ལྡན་པའི་ས་ཆའི་དོན་ཡིན། ལོ་ངོ་500ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གྲོང་ཚོ་དེ་ནི་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་སྡེ་ཞིག་ཡིན་ཞིང་། དེ་གར་དབའ་རིགས་དང་། རྒྱ་རིགས། པའེ་རིགས། ཏའེ་རིགས་སོགས་མི་རིགས་མང་པོ་ཞི་མཐུན་མཉམ་གནས་བྱེད་ཀྱི་ཡོད། 
     ཞི་ཅིན་ཕིང་གིས་གྲོང་མི་ལི་ཧྥ་ཧྲུན་གྱི་ཁྱིམ་དུ་ཕེབས་ནས་ཚོམས་ཆེན་དང་། ཉལ་ཁང་། ཐབ་ཚང་། གསང་སྤྱོད། ཕག་ཚང་སོགས་རེ་རེ་བཞིན་དུ་ཕེབས་ནས་སྡོད་སའི་ཁོར་ཡུག་མཁྱེན་རྟོགས་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་གིས་སྒོ་རའི་ནང་ལི་ཧྥ་ཧྲུན་གྱི་ནང་མི་དང་ལྷན་དུ་ས་གནས་དེ་གའི་དུས་ཆེན་གྱི་སྲོལ་རྒྱུན་བཟའ་བཅའ་སྟེ་འབྲས་སོག་བཟོས་གནང་བ་མ་ཟད། ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་ཀྱང་གནང་ནས་ལི་ཧྥ་ཧྲུན་ཁྱིམ་གྱི་དབུལ་སྒྲོལ་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ལི་ཧྥ་ཧྲུན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་དེ་སྔ་ངལ་རྩོལ་ནུས་ཤུགས་ཁ་ཐང་བའི་ཁར་ཕྲུ་གུ་གཉིས་སློབ་གྲྭར་གཏོང་དགོས་པས་སྐབས་ཤིག་རིང་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བྱུང་། ལོ་དེ་དག་ནང་ཕག་པ་གསོ་བ་དང་། འབྲས་བགྲུས་རྒྱག་པ། ཕྱིར་ལས་མི་བྱེད་པར་སྐྱོད་པ་སོགས་ལས་ཡོང་འབབ་མི་ཉུང་བ་ཞིག་བྱུང་། 2017ལོར་དབུལ་སྒྲོལ་ཐུབ་སྟེ་ནང་མི་ཚང་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་། ཕྲུ་གུ་སློབ་གྲྭར་བསྐྱོད་ཐུབ་པ། ཁང་པ་གཙང་ལ་བརྟན་པ། འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན་སོང་ཞེས་ཞུས་པ་རེད། ཞི་ཅིན་ཕིང་གིས་གསན་རྗེས་དགྱེས་ཚོར་ཧ་ཅང་ཆེན་པོ་གནང་། ཁོང་གིས་ཡུལ་མི་ཚོ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་དང་པོ་ཙམ་ཡིན་ལ། འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་སའང་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་སྟེང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བདེ་སྐྱིད་ལྡན་པའི་དབའ་རིགས་གྲོང་ཚོ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
     དྲོ་འཇམ་ཉི་འོད་ཐང་ཆེན་ཐོག་འཕྲོས་པ་དང་ཆབས་ཅིག གྲོང་མི་རྣམས་ཀྱིས་འཁྲུག་ཆ་དོད་པའི་དབའ་རིགས་ཀྱི་ཞབས་བྲོ་འཁྲབ་འགོ་ཚུགས། ས་གནས་དེ་གའི་གོམས་སྲོལ་ལྟར། ཞི་ཅིན་ཕིང་གིས་དབའ་རིགས་ཀྱི་རྔ་ལན་གསུམ་བརྡུངས་ཏེ་ལོ་གསར་པའི་ནང་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ། རྒྱལ་དར་དམངས་བདེ་བཅས་ཡོང་བའི་སྨོན་འདུན་ཞུས་པ་རེད། གྲོང་མི་ཚོས་དགའ་བསུ་ཡང་ཡང་ཞུས་ནས་གཅིག་མཇུག་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་ཁམས་བདེའི་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་ཀྱང་ཚང་མར་ལོ་གསར་གྱི་སྨོན་འདུན་ཞུས་གནང་ནས་ཡུལ་མི་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་འདུན་ཞུས་པ་རེད། ཡུལ་མི་ཚོས《དབའ་རིགས་མི་དམངས་ཀྱིས་གླུ་དབྱངས་གསར་པ་ལེན》ཞེས་པ་བླངས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་གྲོང་ཚོ་ནས་དོན་ཞིང་། གླུ་སྒྲ་དང་དགོད་སྒྲ་གྲོང་སྡེའི་ཕུ་མདའ་གང་སར་གྲགས།
     དེ་རྗེས་ཞི་ཅིན་ཕིང་ཧོ་ཧྲུན་གནའ་བོའི་གྲོང་རྡལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཧོ་ཧྲུན་ནི་གནའ་བོའི་དུས་སུ་སི་ཁྲོན་དང་། ཡུན་ནན། འབར་མ། རྒྱ་གར་གྱི་ལྷོ་ཕྱོགས་བཅས་ཀྱི་སྐམ་སའི་དར་གོས་ལམ་བུའི་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་ཞིང་། དེ་གར་ཅུང་ཆ་ཚང་བའི་མིང་དང་ཆིང་རྒྱལ་རབས་ཀྱི་གནའ་བོའི་བཟོ་བཀོད་དུ་མ་ཡོད། ཧོ་ཧྲུན་དུ་གནའ་སྔ་མོ་ནས་བཟུང་རིག་གནས་ལ་མཐོང་ཆེན་དང་། སློབ་གསོ་དར་སྤེལ། ཁྱིམ་སྲོལ་ལ་མཐོང་ཆེན་བཅས་ཀྱི་སྲོལ་རྒྱུན་བཟང་པོ་ལྡན་པ་དང་། ཧོ་ཧྲུན་དཔེ་མཛོད་ཁང་ནི་གྲོང་གསེབ་ཀྱི་དཔེ་མཛོད་ཁང་ཞིག་ཡིན་ཞིང་། དཔེ་མཛོད་ཁང་དེ་བཙུགས་ནས་ལོ་ངོ་90ལྷག་ཙམ་སོང་ཡོད། ཞི་ཅིན་ཕིང་དཔེ་མཛོད་ཁང་དུ་ཕེབས་ཏེ་གནའ་གྲོང་གི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་རིག་གནས་སློབ་གསོ་དར་སྤེལ་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ཧོ་ཧྲུན་གྱི་སྲང་ལམ་བརྒྱུད་དེ་གནའ་བོའི་གྲོང་རྡལ་གྱི་མཛེས་ལྗོངས་ལ་གཟིགས་ནས་ལྷོ་ནུབ་དར་གོས་གནའ་ལམ་ཆགས་པ་དང་འཕེལ་རྒྱས་འགྲོ་བ་དང་ཧོ་ཧྲུན་གནའ་གྲོང་གི་ལོ་རྒྱུས་རིག་གནས་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ལམ་བར་གྱི་ཡུལ་སྐོར་བ་དང་གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་ཁམས་བདེའི་འཚམས་འདྲི་ཞུས་པ་དང་ཞི་ཅིན་ཕིང་གིས་ཀྱང་ཕྱག་གཡུག་གཡུག་ཡང་སེ་གནང་ནས་ཚང་མར་ལོ་གསར་གྱི་འཚམས་འདྲི་ཞུས་གནང་བ་རེད།
     ཧོ་ཧྲུན་ནི་རང་རྒྱལ་གྱི་གྲགས་ཅན་གྱི་མཚན་ཉིད་རིག་པ་མཁས་ཅན་ཨའེ་སེ་ཆི་ཡི་ཕ་ཡུལ་ཡིན། ཞི་ཅིན་ཕིང་གནའ་བོའི་གྲོང་རྡལ་གྱི་དབུས་སུ་གནས་པའི་ཨའེ་སེ་ཆི་དྲན་གསོ་ཁང་དུ་ཕེབས་ཏེ། ཨའེ་སེ་ཆི་ཡིས་སྐུ་ཚེ་ཧྲིལ་པོར་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་ཞིབ་འཇུག་དང་དྲིལ་བསྒྲགས་ལ་གཞོལ་བ་དང་། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་མང་ཚོགས་ཅན་དང་ཀྲུང་གོ་ཅན་ལ་འགྱུར་རྒྱུར་སྐུལ་འདེད་བཏང་བའི་མཛད་རྗེས་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས། བློ་མཐུན་ཨའེ་སེ་ཆི་ནི་ཏང་གི་ཕུལ་དུ་བྱུང་བའི་རིགས་པའི་གཞུང་ལུགས་མཁས་ཅན་དང་། གཟེངས་སུ་ཐོན་པའི་རིགས་པའི་གཞུང་ལུགས་ལས་དོན་པ་ཞིག་ཡིན་པ་དང་། ཁོང་གིས་དར་སྤེལ་བཏང་བའི་དགོངས་པ་དང་དུས་རབས་ཟུང་འབྲེལ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། མཚན་ཉིད་རིག་པ་དང་མི་དམངས་ཟུང་འབྲེལ་བཅས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་ཤུགས་ཆེན་གཏོང་དགོས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར། མར་ཁེ་སི་རིང་ལུགས་ཀྱི་ཀྲུང་གོ་ཅན་ཡག་པོ་བརྗོད་ཐུབ་པའི་ཤེས་ལྡན་མི་སྣ་འབོར་ཆེན་དགོས། མི་དམངས་མང་ཚོགས་ཀྱིས་གོ་ཐུབ་པ་དང་གོ་བ་ལེན་ཐུབ་པའི་སྐད་ཆ་བརྗོད་ནས། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་མང་ཚོགས་ཀྱི་ཁྱིམ་ཚང་ཚང་མར་ཁྱབ་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།
     ཚེས་20ཉིན། ཞི་ཅིན་ཕིང་ཁུན་མིང་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། དེ་ཉིན་ཕྱི་དྲོ་ཁོང་ཐོག་མར་ཏན་ཁྲེ་མཚེའུ་ཡི་ཤིན་ཧའེ་ཕྱེད་གླིང་གི་སྣོད་བཅུད་འདམ་རར་ཕེབས་པ་དང་། ཡུན་ནན་ཞིང་ཆེན་དང་ཁུན་མིང་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། ལྷོ་ནུབ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བཙུགས་པའི་སྤྱིའི་གནས་ཚུལ་གྱི་སྙན་སེང་གསན་ཡོད་ལ། ཏན་ཁྲེ་མཚེའུ་དང་། ཧྥུའུ་ཤན་མཚེའུ། ཨེར་ཧའེ་མཚེའུ་བཅས་ཀྱི་ཆུའི་མ་དཔེ་དང་། ཏན་ཁྲེ་མཚེའུ་ཡི་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྲེམས་སྟོན་ལ་གཟིགས་པ་རེད། ཏན་ཁྲེ་མཚེའུ་ཡི་སྣོད་བཅུད་ཁོར་ཡུག་ལ་དུས་མཚམས་ཤིག་རིང་གཏོར་སྐྱོན་ཕོག་ནས། རང་རྒྱལ་གྱི་སྦགས་བཙོག་ཚབས་ཆེ་ཤོས་ཀྱི་མཚེའུའི་གྲས་སུ་གྱུར་ཡོད། ལོ་མང་བཅོས་སྐྱོང་ལྷོད་མེད་བྱས་པ་བརྒྱུད། སྣོད་བཅུད་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་ཡོད། ཞི་ཅིན་ཕིང་གིས་ཏན་ཁྲེ་མཚེའུ་ཡི་སྲུང་སྐྱོང་བཅོས་སྐྱོང་དང་ཆུའི་སྤུས་ཚད་ལེགས་བཅོས་ཀྱི་གནས་ཚུལ་ཞིབ་ཕྲ་བཀའ་འདྲི་གནང་བ་རེད། 
      ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་བཏོན་པའི་སྣོད་བཅུད་ཤེས་དཔལ་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་ཡོད། འདུ་ཤེས་དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་གྱི་ཆོས་ཉིད་དང་མཐུན་ཡོད་ལ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དང་ཡང་མཐུན་ཡོད། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། སྔོན་ལ་སྦགས་བཙོག་བཟོ་བ་དང་རྗེས་སུ་བཅོས་སྐྱོང་བྱེད་པའི་ལམ་བུ་རྙིང་པའི་ཐོག་གཏན་ནས་སྐྱོད་མི་རུང་། སྣོད་བཅུད་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་གཏོང་བ། རྒྱུན་སྲིང་ལྷོད་མེད། སྙིང་རུས་གཏན་འཁྱོངས་བཅས་མཐའ་འཁྱོངས་བྱས་ཚེ། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རིར་འགྱུར་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས། ཡུན་ནན་གྱི་སྣོད་བཅུད་གནས་བབ་གལ་ཆེ་བ་དང་རང་ཉིད་ཀྱི་ལེགས་ཆ་ལྡན་ཡོད། འགག་རྩ་ནི་སྲུང་སྐྱོང་གི་འགན་འཁྲི་ལག་བསྟར་ཡག་པོ་བྱ་རྒྱུར་ཐུག་ཡོད་ཅེས་གསུངས་པ་རེད།
      ཁུན་མིང་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་སྐབས་བཅུ་བཞི་པའི་ཁུན་མིང་གི་དཔྱིད་གསར་དུས་ཆེན་གྱི་ཉོ་སྒྲུབ་འགྲེམས་ཚོགས་གཉེར་བཞིན་ཡོད། ཞི་ཅིན་ཕིང་དེ་གར་ཕེབས་ཏེ་འགྲེམས་ཚོགས་ཀྱི་ལོ་གསར་མཁོ་ཆས་ཁྲོམ་གཞུང་ལ་གཟིགས་པ་རེད། ཟོག་སྒྲོམ་ཐོག་ཞིང་ལས་ཐོན་རྫས་སྣ་མང་ཕུན་སུམ་ཚོགས་ཤིང་། དུས་ཆེན་གྱི་དམངས་སྲོལ་མཁོ་ཆས་ལས་དུས་ཆེན་གྱི་རྣམ་པ་ཟབ་མོ་མངོན་པ་དང་། གྲངས་ཉུང་མི་རིགས་དང་མཐའ་འཁོར་རྒྱལ་ཁབ་ཀྱི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཡོད། ཞི་ཅིན་ཕིང་ཁྲོམ་དུ་ཕེབས་སྐབས། ཚོང་པ་དང་ཚོང་ཉོ་མཁན་གྱིས་འཚང་ཁ་ཤིག་ཤིག་ངང་དེ་གར་འཛོམས་ནས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་གསུངས་དོན། སྔོན་ཆད་དངོས་ཟོག་མི་འདང་བ་ནས་ད་ཆ་ཐོན་རྫས་ཕུན་སུམ་ཚོགས་པའི་བར་ང་ཚོའི་རྒྱལ་ཁབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་ལོ་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད། ཤ་ཚལ་སྒོང་གསུམ་དང་། འབྲུ་རིགས། ཤིང་འབྲས་བཅས་ཚང་མ་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་དོན་ཆེན་ཤ་སྟག་ཡིན། འབྲེལ་ཡོད་སྡེ་ཁག་གིས་ལས་དོན་ཡག་པོ་བསྒྲུབས་ཏེ། དུས་ཆེན་རིང་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་པ་དང་། སྤུས་ཚད་དང་བདེ་འཇགས་བློས་འགེལ་ཆོག་པ་བྱས་ཏེ། མང་ཚོགས་རྣམས་དུས་བདེ་ལྷིང་འཇགས་དང་དགའ་དགའ་སྤྲོ་སྤྲོའི་ངང་དཔྱིད་གསར་དུས་ཆེན་གཏོང་རྒྱུ་ཡོང་བའི་འགན་ལེན་བྱེད་དགོས།
     འགྲེམས་སྟོན་ཚོམས་ཆེན་གྱི་ཕྱི་རོལ་ཐང་ཆེན་དུ། ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་བྱེད་པར་ཡོང་བའི་མང་ཚོགས་ཀྱིས་ཁེངས། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས། ཚང་མས་དེར་འཛོམས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ཁམས་བཟང་ཞེས་བརྗོད། ཞི་ཅིན་ཕིང་གིས་ཚང་མར་བྱམས་བརྩེའི་ཕྱག་བཏང་གནང་ནས་ཡུན་ནན་གྱི་མང་ཚོགས་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས། ཀང་ཨའོ་ཐའེ་ཡི་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས་གནང་བ་དང་། ཚང་མ་ལོ་གསར་པའི་ནང་གཟུགས་པོ་བདེ་ཐང་དང་། ཁྱིམ་ཚང་བདེ་སྐྱིད། བཀྲ་ཤིས་འཆམ་མཐུན། བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བ། མི་རིགས་ཁག་གི་མི་དམངས་རྣམས་བློ་བདེ་བག་ཕེབས་དང་། བློ་བབ་ཡིད་མཐུན། དགའ་དགའ་སྤྲོ་སྤྲོ་ཡོང་བ། འཚོ་བ་སྔར་བས་ལེགས་སུ་འགྲོ་བ། དེ་བཞིན་རླབས་ཆེན་མེས་རྒྱལ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་བཀྲ་ཤིས་སྨོན་འདུན་ཞུས་གནང་བ་རེད།
     འགྲེམས་སྟོན་ལྟེ་གནས་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཡུན་ནན་དགེ་འོས་སློབ་ཆེན་ནང་ཡོད་པའི་གཞུང་བཙུགས་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་གནའ་ཤུལ་དུ་ཕེབས་ཏེ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད། སྤྱི་ལོ་1937ལོར་རི་འགོག་དམག་འཁྲུག་ཁྱོན་ཡོངས་ནས་ལངས་རྗེས་པེ་ཅིང་སློབ་ཆེན་དང་། ཆིང་ཧྭ་སློབ་ཆེན། ནན་ཁའེ་སློབ་ཆེན་བཅས་ལྷོ་ཕྱོགས་སུ་མ་སྤོ་ཀ་མེད་བྱུང་། དཀའ་བ་དུ་མ་བརྒྱུད་ཁུན་མིང་དུ་བཀོད་སྒྲིག་བྱས། ཁུན་མིང་དུ་སྤོས་ནས་ལོ་བརྒྱད་སོང་རིང་། ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་རྒྱ་ཆེའི་དགེ་སློབ་ཚོས་བློ་རྩ་བརྟན་ལ་གཟེངས་སུ་ཐོན་པའི་སློབ་གྲྭའི་གདམས་ངག་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ་དང་། ཚན་རིག་ལ་བརྟེན་ནས་རྒྱལ་ཁབ་སྐྱོབ་པའི་ཕུགས་བསམ་བརྟན་པོ་ཡིད་ལ་བཅངས་ཤིང་། ཕྱར་བ་གྲུ་འདེགས་དང་དགྲ་ལ་མཉམ་སྡང་བྱས་ཏེ་རི་འགོག་དམག་འཁྲུག་གི་ལོ་ཟླའི་ནང་སློབ་མ་དུ་མས་སློབ་མཚམས་བཞག་ནས་དམག་ལ་ཞུགས་ནས་རྒྱལ་ཁབ་སྲུང་སྐྱོང་བྱས། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་དགེ་སློབ་ཚོས་ནང་འཁྲུག་ལ་ངོ་རྒོལ་བྱེད་པའི་དམངས་གཙོའི་ལས་འགུལ་ནང་ཧུར་ཐག་ཞུགས་ནས་མི་སེམས་འགུལ་བའི་རྒྱལ་གཅེས་རིང་ལུགས་ཀྱི་ལེའུ་བརྩམས་པ་རེད།
      ཞི་ཅིན་ཕིང་གིས་ལམ་བར་དུ“བཅུ་གཉིས་པའི་ཚེས་གཅིག”གི་ལས་འགུལ་གྱི་དྲན་གསོའི་ཐང་ཆེན་དང་། ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་དེ་སྔའི་སློབ་ཁང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་། ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་དྲན་གསོའི་རྡོ་རིང་སོགས་མཚོན་རྟགས་རང་བཞིན་གྱི་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བ་རེད། ཁོང་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་རྟེན་རྫས་བཤམས་མཛོད་ཁང་དུ་གཟིགས་སྐོར་ལ་ཕེབས་དུས་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱིས་རི་འགོག་དམག་འཁྲུག་གི་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཁྲག་རྒྱུན་རྒྱུན་འཛིན་དང་། རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པའི་ལོ་རྒྱུས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། སློབ་གསོ་དང་རྒྱལ་ཁབ་ཀྱི་ལས་དབང་དམ་ཟབ་འབྲེལ་ཡོད། ང་ཚོའི་སློབ་གསོའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་རེད། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་དོན་འཁྱོལ། བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། ལོ་རྒྱུས་ཀྱི་འགན་སེམས་ལྡན་ལ་མིག་རྒྱང་རིང་བའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། རྟེན་རྫས་བཤམས་མཛོད་ཁང་གི་མདུན་དུ། ཞི་ཅིན་ཕིང་གིས་ཡུན་ནན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ལས་བཟོ་དང་། དགུན་གསེང་སྐབས་སློབ་གྲྭར་བསྡད་ནས་ཉམས་མྱོང་གསོག་བཞིན་པའི་སློབ་ཆེན་སློབ་མའི་དང་བླངས་པའི་འཐུས་མི། རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་མི་སྣ་བཅས་དང་རེ་རེ་བཞིན་ཕྱག་བཏང་གནང་བ་མ་ཟད། དགེ་སློབ་རྣམས་ལ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཡང་གནང་བ་རེད།
      ཚེས་21ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་ཡུན་ནན་ཞིང་ཆེན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ནས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་ཡུན་ནན་གྱི་གནས་བབ་དང་ནུས་པར་ངོས་འཛིན་དང་དམ་འཛིན་ཡང་དག་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་ཟོན། བརྟན་ལྷིང་ལ་སྲུང་སྐྱོང་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲལ་འགོའི་དམག ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཕྱོགས་པའི་ལྟེ་བ་བཅས་འཛུགས་སྐྱོང་ལ་འཕེལ་རིམ་གསར་པ་ཐོབ་པའི་བརྩོན་ལེན་བྱས་ནས་ཀྲུང་གོའི་ཕུགས་འདུན་གྱི་ཡུན་ནན་གྱི་ལེའུ་ཡག་པོ་རྩོམ་དགོས་པའི་ཐུགས་རེ་གནང་བ་རེད།
      ཞི་ཅིན་ཕིང་གིས་གསུངས་དོན། དུས་རབས་གསར་པར་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྲིད་སྐྱོང་གི་བྱས་རྗེས་ལྟ་བ་ཡང་དག་བཙུགས་ཏེ་བརྟན་ལྷིང་དང་ཡར་རྒྱས་དང་། འཛུགས་པ་དང་གཏོར་བ། རྫུས་མ་དང་བདེན་པ། ཡན་ལག་དང་རྩ་བ། ཉེ་ས་དང་རིང་ས་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་དང་། མཐའ་ཚད་ཀྱི་བསམ་བློ་རྒྱུན་འཁྱོངས། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རང་རྟོགས་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་བསྐྲུན་ཏེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་གཙོ་རྐང་ལ་སྟངས་འཛིན་བྱེད་པ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དངོས་ཚན་དཔལ་འབྱོར་དར་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ལེགས་པོ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཤུགས་སྣོན་རྒྱག་པ། ཡུལ་གཞན་དུ་གནས་སྤོས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་བཅས་བྱས་ཏེ། བྱེད་པོའི་ནུས་པ་མངོན་གསལ་དོད་ལ་ལེགས་ཆ་གསབ་རེས་ཐུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་ཡུལ་སྐོར་ཁྲོམ་རའི་ཟང་ཟིང་གནས་ཚུལ་ལ་བཅོས་སྒྲིག་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དྭངས་ཤིང་གཙང་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོང་གི་དམག་འཐབ་ཆེན་པོ་གསུམ་རྒྱུན་ཆད་མེད་པར་ཡག་པོ་རྒྱག་དགོས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ལ་རང་འགུལ་ངང་ཞབས་ཞུ་དང་མཉམ་འདྲེས་བྱས་ཏེ་སྒོ་དབྱེ་ཆེན་པོར་བརྟེན་ནས་འཕེལ་རྒྱས་ཆེན་པོར་སྐུལ་འདེད་གཏོང་བ་དང་ཉེ་འཁོར་རྒྱལ་ཁབ་དང་ཕན་ཚུན་འབྲེལ་མཐུད་ཀྱི་རྒྱལ་སྤྱིའི་བགྲོད་ལམ་ཆེན་མོ་བསྐྲུན་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་དགོས། མཐའ་འཁོར་རྒྱལ་ཁབ་དང་རིག་གནས་སྤེལ་རེས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་འདེགས་སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། ལམ་ལུགས་གལ་ཆེན་བཅས་ཡུན་ནན་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་འགན་ལེན་བྱས་ཏེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གཡས་གཡོན་དང་གོང་འོག་ཚང་མར་ཁྱབ་པ་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་རྒྱུན་མཐུད་དང་གཏིང་ཟབ་ངང་སྤེལ་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་པ་བཅས་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། མི་རིགས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཐའ་དར་དམངས་ཕྱུག་བྱ་སྤྱོད་སོགས་ཀྱི་འཆར་འགོད་ལག་བསྟར་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། ཧྥུང་ཆའོ་ཡི་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ནག་སེལ་གཤེད་བཅོམ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ། དུག་རྫས་དང་། འཇིགས་སྐུལ། ལྐོག་ཚོང་། མགོ་སྐོར། མཐའ་མཚམས་ནས་ལྐོག་གྲོལ། མཐའ་མཚམས་བརྒལ་ནས་རྒྱན་འཛུགས་སོགས་མཐའ་མཚམས་བརྒལ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ། རྒྱབ་ཕྱོགས་ཀྱི་ནག་ཚོགས་སྟོབས་ཤུགས་དང་། རྒྱབ་རྩ་མཐའ་གཅིག་ཏུ་མེད་པ་བཟོ་བ་བཅས་བྱེད་དགོས། མཐའ་མཚམས་སྟོབས་ཆེན་དང་འགོག་སྲུང་སྲ་བརྟན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མཐའ་མཚམས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
      ཞི་ཅིན་ཕིང་གིས་གསུངས་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་དམངས་ཕན་སྲིད་ཇུས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ཁྱོན་ཡོངས་ནས་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལེགས་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་ལས་མང་བ་ཡོང་བ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་པ། ལས་འགན་དཀའ་ཚེགས་ཆེ་བའི་རྫོང་ཤང་གྲོང་ཚོ་བཅས་ལ་དམིགས་པ། “ཁག་གཅིག་རེ་ལྔའི”བྱ་ཐབས་ལ་གཞིགས་པ། རིགས་དབྱེ་ཇུས་འདོན་དང་སྒོ་བྱང་བཀལ་ནས་ལྟ་སྐུལ་སྒྲུབ་གཉེར་ལ་ཤུགས་སྣོན་རྒྱག་པ། མཐའ་མའི་བཙན་རྫོང་འགག་གཏོར་ཏན་ཏིག་ཐུབ་པ། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་གཞི་རྩའི་ཚད་གཞིར་སྟངས་འཛིན་ནན་པོ་དང་རྩིས་ལེན་ནན་པོ་བཅས་བྱེད་དགོས། རྗེས་མཐུད་ཀྱི་སྲིད་ཇུས་རྒྱབ་སྐྱོར་མི་འདང་བའི་དབང་གིས་དབུལ་པོ་བསྐྱར་ལོག་དང་། ནད་གཞི་དང་རྨས་སྐྱོན་དབང་གིས་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱེད་དགོས། ཤེས་རྒྱ་འཕེལ་བ་དང་ཡོང་འབབ་འཕར་བ་གཉིས་ཀ་གཙོ་ཆེར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་སྐྱོར་དེ་རིག་སྐྱོར་བློ་སྐྱོར་དང་ཟུང་འབྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྒོ་དབྱེ་རྣམ་པའི་དབུལ་སྐྱོར་དང་འགན་སྲུང་རང་བཞིན་གྱི་དབུལ་སྐྱོར་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
      ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བརྗོད་དོན་གཙོ་བོའི་སློབ་གསོར་དུས་ཚོད་ཀྱི་ཚད་བཀག་ཡོད་ཀྱང་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པར་ཚར་དུས་མེད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མུ་མཐུད་འབད་བརྩོན་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་དེ་ཉིད་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འགྱུར་མེད་ཀྱི་ཞིབ་འཇུག་བྱ་གཞི་དང་ཏང་ཡོན་དང་ལས་བྱེད་པའི་ཚེ་གང་གི་དོན་གཉེར་བྱ་གཞིར་དངོས་སུ་འགྱུར་བ་བྱས་ཏེ་དུས་རབས་གསར་པར་དཀའ་སྤྱད་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་འཕེལ་བར་བྱེད་དགོས། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་གལ་ཆེན་པོ་ཡིན་པ་ཤེས་རྟོགས་དང་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་གཉིས་བརྟན་སྲུང་བྱ་རྒྱུ་གལ་ཆེན་པོ་ཡིན་པར་གོ་བ་ལེན་ཐུབ་པ་བྱེད་དགོས། ཡུན་ནན་ལ་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་ཡོད་པ་དང་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཞིག་ཡོད། གཏམ་རྒྱུད་དེ་དག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་སློབ་གསོའི་གསོན་ཉམས་ལྡན་པའི་སློབ་གཞིར་བརྩིས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མའི་བསམ་འདུན་ལ་ཞིབ་ལྟ་དང་ཐོག་མའི་བསམ་འདུན་སྐྱོང་བར་སྣེ་ཁྲིད་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་བ་བཅས་ཀྱི་ཆབ་སྲིད་ཀྱི་ཀུན་སྤྱོད་ལ་ཞུན་བརྡར་ཟམ་མི་ཆད་པར་བྱེད་དགོས། བསམ་བློར་བཅིངས་འགྲོལ་དང་དུས་བསྟུན་མདུན་སྐྱོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་འདུ་ཤེས་རྙིང་པ་མེད་པ་བཟོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་དུས་བབ་གསར་པ་གཏོད་དགོས། སྐྱོན་བྲལ་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་སྐྱེད་སྲིང་བྱེད་པ་དང་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྐྲུན་དགོས། ལས་བྱེད་པའི་ཚད་གཞི་རྒྱུན་འཁྱོངས་ཡག་པོ་བྱས་ཏེ་མི་སྣ་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ཁ་གསལ་ཞིག་འཛུགས་དགོས།
     ཏིང་ཞུའེ་ཞང་དང་། ཁྲེན་ཤིས། ཧོ་ལི་ཧྥུང་བཅས་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ལྷན་དུ་གཟིགས་ཞིབ་གནང་བར་ཕེབས་པ་རེད།

འདི་ནི་ཚེས་19ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཐེང་ཁྲུང་གྲོང་ཁྱེར་ཆིང་ཧྲུའེ་ཤང་སན་ཅ་གྲོང་ཚོའི་ཀྲུང་ཀྲའེ་སི་མོ་ལཱ་དབའ་རིགས་གྲོང་ཚོར་གྲོང་མི་ལི་ཧྥ་ཧྲུན་གྱི་ནང་མི་དང་ཅི་འཕྲོས་མོལ་འཕྲོས་གནང་ནས་དབུལ་སྒྲོལ་གྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བཞིན་པ།
འདི་ནི་ཚེས་19ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཐེང་ཁྲུང་གྲོང་ཁྱེར་ཆིང་ཧྲུའེ་ཤང་སན་ཅ་གྲོང་ཚོའི་ཀྲུང་ཀྲའེ་སི་མོ་ལཱ་དབའ་རིགས་གྲོང་ཚོར་གྲོང་མི་ལི་ཧྥ་ཧྲུན་གྱི་ནང་མི་དང་ཅི་འཕྲོས་མོལ་འཕྲོས་གནང་ནས་དབུལ་སྒྲོལ་གྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བཞིན་པ། 

  
style="display:none;"