མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་དང་རྒྱ་གར་བར་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་02ཉིན། 12:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཀྲུང་གོ་དང་རྒྱ་གར་བར་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར། ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ཐུང་ཁོ་ཝུན་ཏེ་ཡིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ་དང་། ལེ་ཁེ་ཆང་དང་ཙུང་ལི་མོ་ཏི་ཡིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ཐུང་ཁོ་ཝུན་ཏེ་ཡིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ལོ་ངོ་70ལ་ཕྱི་བལྟས་བྱས་ན། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྤྱི་བཏང་མ་ཡིན་པའི་འཕེལ་རྒྱས་གྱི་ལམ་བུ་བགྲོད་ཟིན་པ་དང་། ཕྱོགས་གཉིས་ཀྱིས་ཐུན་མོང་ངང་འབད་བརྩོན་བྱས་པར་བརྟེན། རྒྱལ་ཁབ་གཉིས་ཀྱིས་ཞི་བདེ་དང་དར་རྒྱས་ཀྱི་འཐབ་ཇུས་མཉམ་ལས་རོགས་སྐྱོར་འབྲེལ་བ་བཙུགས་ནས། སྔར་བས་འབྲེལ་བ་ཟབ་པའི་འཕེལ་རྒྱས་རོགས་ཟླ་འབྲེལ་བ་འཛུགས་པ་ལ་འབད་བརྩོན་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་བར་སྤེལ་རེས་མཉམ་ལས་ཉིན་རེ་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་གལ་ཆེན་ཁྲོད་མཐུན་སྦྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། མིག་སྔར། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་འགོ་འཛུགས་ས་གསར་པར་ལངས་ནས་གོ་སྐབས་གསར་པ་བསུས་ཡོད། ངས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཁོ་ཝུན་ཏེ་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་ཐོབ་པ་དང་། ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་ལ་དྲང་ནུས་དེ་བས་མང་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད། 
    ཁོ་ཝུན་ཏེ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། འདས་ཟིན་པའི་ལོ་ངོ་70རིང་། རྒྱ་གར་དང་ཀྲུང་གོའི་བར་གྱི་འབྲེལ་བར་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་ཅིང་། ཆབ་སྲིད་དང་དཔལ་འབྱོར། མི་ཆོས་སོགས་ཀྱི་ཁྱབ་ཁོངས་བར་འབྲེལ་བ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱ་གར་དང་ཀྲུང་གོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཤེས་རིག་དར་བའི་གནའ་བོའི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་དངོས་ཚན་གཙོ་བོའང་ཡིན་པས། འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱེད་པ་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཞིང་། ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་དང་དར་རྒྱས་ལ་མཚོན་ན་ཡང་ཧ་ཅང་གལ་ཆེན་པོ་ཡིན། རྒྱ་གར་ཕྱོགས་ལ་ཀྲུང་གོ་དང་ཐུན་མོང་ངང་འབྲེལ་བ་སྔར་བས་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་གཏིང་ཟབ་དང་དམ་ཟབ་གཏོང་རྒྱུ་མོས་འདུན་ཡོད་ཅེས་བརྗོད་པ་རེད། 

  
style="display:none;"