མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་ཚོད་འཛིན་
དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་འདི་ལོའི་
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་
རྒུས་མངོན་འགྱུར་ཡོང་བ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་03ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་3ཚེས་29ཉིན་ཞི་ཅིན་ཕིང་གིས་ཉིང་པོ་པེ་ལུན་ཏ་ཆི་རྩེར་སོན་རླངས་འཁོར་གྱི་ལྷུ་ལག་ལུགས་པར་གླིང་ཁུལ་དོ་དམ་ཞབས་ཞུ་ལྟེ་གནས་སུ་གླིང་ཁུལ་གྱི་དོ་དམ་པ་དང་། ཁེ་ལས་འབྲིང་ཆུང་གི་འགན་ཁུར་བའི་འཐུས་མི། ས་ཆ་གཞན་ནས་ཀྲེ་ཅང་དུ་ཕྱིར་ལོག་མཁན་ལས་བཟོའི་འཐུས་མི་སོགས་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།

འདི་ནི་ཟླ་3ཚེས་29ཉིན་ཞི་ཅིན་ཕིང་གིས་ཉིང་པོ་པེ་ལུན་ཏ་ཆི་རྩེར་སོན་རླངས་འཁོར་གྱི་ལྷུ་ལག་ལུགས་པར་གླིང་ཁུལ་དོ་དམ་ཞབས་ཞུ་ལྟེ་གནས་སུ་གླིང་ཁུལ་གྱི་དོ་དམ་པ་དང་། ཁེ་ལས་འབྲིང་ཆུང་གི་འགན་ཁུར་བའི་འཐུས་མི། ས་ཆ་གཞན་ནས་ཀྲེ་ཅང་དུ་ཕྱིར་ལོག་མཁན་ལས་བཟོའི་འཐུས་མི་སོགས་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་4ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་ཡག་པོ་གཏོང་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། “བརྒྱད་བརྒྱད་འཐབ་ཇུས”ཀྱིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དངོས་དོན་སྒྲུབ་པ་དང་། མདུན་དུ་སྐྱོད་པ། མདུན་གྲལ་དུ་ལངས་ཕོད་པ་བཅས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བྱེད་ཐབས་ཁག་གནད་སྨིན་དོན་འཁྱོལ་བྱེད་པ། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཧུར་ཐག་བཅས་བྱས་ཏེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས།
    ཟླ་3ཚེས་29ཉིན་ནས་ཟླ་4ཚེས་1ཉིན་བར་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེ་ཅུན་དང་ཧྲེང་ཀྲང་ཡོན་ཅ་ཅུན་གྱི་ཕེབས་རོགས་འོག་སྔ་རྗེས་སུ་ཉིང་པོ་དང་། ཧུའུ་ཀྲོའུ། ཧང་ཀྲོའུ་སོགས་ཀྱི་གྲུ་ཁ་དང་། ཁེ་ལས། གྲོང་གསེབ། སྣོད་བཅུད་འདམ་ར་སོགས་སུ་ཕེབས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་ཐད་བརྟག་ཞིབ་གནང་བ་རེད།
    ཟླ་3ཚེས་29ཉིན་ཞི་ཅིན་ཕིང་ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་ཁྲོན་ཧྲན་གྲུ་ཁའི་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཀྲོའུ་ཧྲན་གྲུ་ཁའི་ཁུལ་གྱིས་བྱེད་ཐབས་སྤྱད་དེ་ཐོན་སྐྱེད་གང་མགྱོགས་སླར་གསོ་བྱས་པས་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་རིམ་བཞིན་རྒྱུན་གཏན་གྱི་ཆུ་ཚད་དུ་སླར་གསོ་བྱུང་ཡོད། ལས་སྒོ་བཀོད་གཏོང་ཚོམས་ཆེན་དུ་ཞི་ཅིན་ཕིང་གིས་གྲུ་ཁའི་ཁུལ་གྱི་གནས་ཚུལ་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཚུལ་གྱི་སྙན་ཞུ་གསན་པ་རེད། ཐོག་སོ་དང་པོའི་ཚོམས་ཆེན་དུ་ཞི་ཅིན་ཕིང་གིས་གྲུ་ཁའི་ལས་བཟོའི་འཐུས་མི་དང་བྱམས་བརྩེའི་སྤེལ་རེས་གནང་ནས་ཁོང་ཚོར་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་ཉིང་པོ་ཀྲོའུ་ཧྲན་གྲུ་ཁས་སྔོན་ལ་ཐོན་སྐྱེད་སླར་གསོ་བྱས་པ་དེས་རང་རྒྱལ་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་བ་དང་། ཟོག་འགྲེམས་མ་ལག་སླར་གསོ་བྱེད་པ། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་སྦྲེལ་སླར་གསོ་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།
    དེ་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཁྲོན་ཧྲན་གྲུ་ཁའི་ཁུལ་གྱི་དོས་སྒམ་འཇོག་གནས་ཨང་གཉིས་པར་ཕེབས་ནས་ཆར་པར་མ་འཛེམས་པར་གྲུ་ཁའི་དོས་སྒམ་ལས་སྒྲུབ་ཀྱི་རྣམ་པར་གཟིགས་ཞིབ་གནང་བ་དང་གྲུ་ཁའི་ལས་སྒྲུབ་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་གྲུ་ཁ་ནི་རྨང་གཞིའི་རང་བཞིན་དང་འགག་རྩའི་རང་བཞིན་གྱི་སྒྲིག་བཀོད་ཡིན་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཉིང་པོ་ཀྲོའུ་ཧྲན་གྲུ་ཁས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པས་མཆོག་ཏུ་གྱུར་བའི་སྟོབས་ཤུགས་ཤིག་རེད། ཚད་གཞི་རྩེ་གྲ་མཐའ་འཁྱོངས་ཀྱིས་གྲུ་ཁ་འཛུགས་སྐྲུན་ཡག་པོ་དང་དོ་དམ་ཡག་པོ་བྱས་ཏེ་འཛམ་གླིང་གི་གྲུ་ཁ་རྩེ་གྲ་ཧུར་ཐག་བཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
    གྲུ་ཁ་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང་ཉིང་པོ་པེ་ལུན་ཏ་ཆི་རྩེར་སོན་རླངས་འཁོར་གྱི་ལྷུ་ལག་ལུགས་པར་གླིང་ཁུལ་དུ་ཕེབས་ནས་དམངས་གཉེར་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབྲིང་ཆུང་སྟེ། ཉིང་པོ་ཀྲེན་ཀྲེ་འཕྲུལ་ཆས་ལུགས་པར་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་ཐོན་སྐྱེད་སྒྲུབ་རིམ་གྱི་འགྲམ་དུ་ཕེབས་ནས་བཟོ་པ་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་ནས་ཚང་མ་ལས་གནས་སུ་ལོག་སྐབས་བདེ་བླག་བྱུང་ཡོད་མེད་དང་། ལས་ཀ་སླར་གསོ་བྱས་རྗེས་ཐོན་སྐྱེད་དང་འཚོ་བའི་ཐད་ད་དུང་དཀའ་ངལ་གང་དག་ཡོད་མེད། གླ་ཆ་རྒྱུན་གཏན་ལྟར་བྱུང་ཡོད་མེད་བཅས་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་ཚང་མས་རིམས་ནད་ཀྱི་ཤུགས་རྐྱེན་བསལ་ཏེ་དུས་ཐོག་ཏུ་ལས་གནས་ཐོག་ལོག་ནས་ལས་འགོ་བསྐྱར་འཛུགས་བྱས་པ་དེ་ནི་ཁེ་ལས་ཡག་པོ་དང་རྒྱལ་ཁབ་ཡག་པོ་ཡོང་ཆེད་ཡིན་ལ་རང་ཉིད་ཡག་པོ་ཡོང་ཆེད་ཀྱང་རེད། ཁེ་ལས་ཀྱི་རྒྱུན་གཏན་ཐོན་སྐྱེད་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་རྒྱུན་གཏན་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱེད་ཐུབ་པ་དང་། ཚང་མར་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ཐུབ་པ། ཚང་མར་ཡོང་འབབ་ཡོད་པ། ཁྱིམ་ཚང་ལ་འགན་སྲུང་ཡོད་པ་བཅས་བྱེད་ཐུབ་ཅེས་གསུངས་པ་རེད།
    གླིང་ཁུལ་དོ་དམ་ཞབས་ཞུའི་ལྟེ་གནས་སུ་ཞི་ཅིན་ཕིང་གིས་གླིང་ཁུལ་གྱི་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་གླིང་ཁུལ་གྱི་དོ་དམ་མི་སྣ་དང་། ཁེ་ལས་འབྲིང་ཆུང་གི་འགན་འཁུར་མི་སྣའི་འཐུས་མི། ས་ཆ་གཞན་ནས་ཀྲེ་ཅང་དུ་ཕྱིར་ལོག་པའི་ལས་བཟོའི་འཐུས་མི་སོགས་དང་བྱམས་བརྩེའི་སྤེལ་རེས་གནང་ནས་ཚང་མའི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཁོང་གིས་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གིས་རང་རྒྱལ་གྱི་འཕེལ་རྒྱས་དང་ལྷག་པར་དུ་ཐོན་ལས་འཕེལ་རྒྱས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། གློ་བུར་དུ་ཐོན་པའི་རིམས་ནད་འདིས་ཁེ་ལས་སྣ་ཚོགས་ལ་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་བཟོས་ཡོད་ཅེས་ནན་བཤད་གནང་བ་རེད།
    ཟླ་3ཚེས་30ཉིན་ཞི་ཅིན་ཕིང་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་ཐེན་ཧོང་ཕིང་གྲོང་རྡལ་ཡུས་ཚུན་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་རེད། 2005ལོའི་ཟླ་8ཚེས་15ཉིན་སྐབས་དེ་དུས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཞི་ཅིན་ཕིང་གིས་གྲོང་ཚོ་དེར་རྟོག་ཞིབ་གནང་སྐབས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན”ཞེས་ཐོག་མར་བཏོན་གནང་བ་རེད། ལོ་15ཡི་རིང་ཡུས་ཚུན་གྲོང་ཚོས་འདུ་ཤེས་དེ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་སྣོད་བཅུད་མཛེས་སྡུག་ལྡན་པ་དང་། ཐོན་ལས་དར་རྒྱས། མི་སེར་ཕྱུག་འགྱུར་བཅས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཡུས་ཚུན་གྲོང་ཚོར་མངོན་འགྱུར་བྱུང་ཡོད།
    ནམ་མཁའི་དབྱིངས་ནས་ཆར་པ་སིམ་སིམ་བབས། གྲོང་ཚོའི་ཕྱོགས་མཚམས་ཀུན་ཏུ་སྔོ་མདངས་རྒྱས། ཞི་ཅིན་ཕིང་གིས་གྲོང་ཚོའི་ལྗང་མདོག་ལམ་བུ་བརྒྱུད་གྲོང་ཚོའི་རྣམ་པ་དང་ཞིང་ལས་སྐྱེ་དངོས་ཀྱི་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་སྐབས་གྲོང་མིས་པད་རྫིང་གཙང་སེལ་བྱེད་བཞིན་ཡོད་པ་གཟིགས་རྗེས་ཁོང་གིས་ཞིང་ནང་དུ་ཕེབས་ནས་གྲོང་མི་དང་སྤེལ་རེས་གནང་སྟེ་དཔྱིད་རྨོད་དཔྱིད་གྲབས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་ཐོས་རྗེས་གྲོང་ཚོའི་ལམ་གྱི་གཡས་གཡོན་དུ་གྲོང་མི་འཛོམས་ནས་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་དང་སྤྱི་ཁྱབ་ཧྲུའུ་ཅིར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
    ཁྲུན་ལིན་གྲོང་གསེབ་ཀྱི་གཞིས་ཀ་ནི་ཡུས་ཚུན་གྲོང་ཚོའི་གཏེར་རི་སྔོག་མཚམས་བཞག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྗེས་བཙུགས་པའི་གྲོང་མིའི་མགྲོན་ཁང་ཐོག་མ་དེ་རེད། གྲོང་གསེབ་ཀྱི་གཞིས་ཀའི་སྦྱིན་བདག་གིས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅི་སྒོ་རའི་ནང་གདན་འདྲེན་ཞུས་ནས་ལོ་དེ་དག་ནང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་སྐྱོང་དང་ཇ་ལོ་དཀར་པོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་བྲིན་ཚོང་བྱས་ཚུལ་ངོ་སྤྲོད་ཞུས་པ་རེད། སྒོ་རའི་ནང་ཞི་ཅིན་ཕིང་གིས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་རྒན་གྲས་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྲོང་མིའི་འཐུས་མི་དང་ཅི་འཕྲོས་མོལ་འཕྲོས་གནང་ཞིང་། ཁོང་གིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་ནན་བཤད་གནང་བ་རེད།
    དེ་རྗེས་ཞི་ཅིན་ཕིང་ཨན་ཅི་རྫོང་གི་སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་ལྟེ་གནས་སུ་ཕེབས་ནས་མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་གཅིག་འཐུས་རྣམ་པའི་བསྡུ་ལེན་དང་། ཆབས་ཅིག་ཏུ་ཐག་གཅོད་བྱེད་པ། འབྲེལ་ཐག་ཧྲིལ་པོའི་ཐག་གཅོད་བྱེད་སྟངས་ཀྱི་འཁོར་སྐྱོད་གནས་ཚུལ་བཅས་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་གཞི་རིམ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་ཡིན། སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་སྣ་མང་སྔོན་འགོག་དང་འདུམ་འགྲིག་ཐག་གཅོད་ཀྱི་ཕྱོགས་བསྡུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་ཡོན་དང་ལས་བྱེད་པ་གཤམ་ལ་བཅར་འདྲིར་སྐྱོད་པ་དང་མང་ཚོགས་ཀྱིས་ངོ་བཅར་ཞུ་རྒྱུ་ཟུང་འབྲེལ་བྱེད་པ། མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་བྱེད་པའི་ལས་དོན་ཚད་ལྡན་དུ་གཏོང་བ། མི་སེར་ལ་གནད་དོན་འཕྲད་ཚེ་ཞུ་ས་ཡོད་པ་བཅས་བྱས་ནས་འགལ་ཟླ་ཐོན་མ་ཐག་ཐག་གཅོད་བྱེད་པ་དང་གཞི་རིམ་དུ་ཐག་གཅོད་བྱེད་དགོས། ཨན་ཅི་རྫོང་གི་བྱེད་སྟངས་ཁྱབ་གདལ་གཏོང་རིན་ཡོད་ཅེས་ནན་བཤད་གནང་བ་རེད།
    ཧང་ཀྲོའུ་ཤིས་ཤིས་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཐོག་མ་དེ་རེད། ཟླ་3ཚེས་31ཉིན་ཤིས་ཤིས་འདམ་རར་ཆར་པ་སིམ་སིམ་བབས་ནས་ཡུལ་ལྗོངས་ལྷག་པར་མཛེས། ཞི་ཅིན་ཕིང་དེ་གར་ཕེབས་ནས་སྔོ་ལྗང་ཆུ་རགས་དང་བདེ་སྐྱིད་ཆུ་རགས་བརྒྱུད་འདམ་ར་སྲུང་སྐྱོང་དང་བེད་སྤྱོད་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ལམ་བར་དུ་ཡུལ་སྐོར་བ་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གིས་གུས་ལན་གནང་བ་རེད། ལམ་བར་དུ་ལུང་ཅིང་ཇ་བཟོ་ས་དང་ས་གནས་དེ་གའི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་ཕྱིར་ཚོང་གི་ཁྲོམ་བཀྱག་བརྒྱུད་སྐབས། ཞི་ཅིན་ཕིང་གིས་ཉེ་སར་ཕེབས་ནས་གཟིགས་པ་དང་། ཁོང་ཚོར་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཞི་ཅིན་ཕིང་གིས་འདམ་ར་ནི་གདོད་མའི་སྣོད་བཅུད་ལ་བརྟེན་དགོས་པ་དང་གདོད་མའི་སྣོད་བཅུད་ནི་ཡུལ་སྐོར་གྱི་མ་རྩ་ཡིན་པས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་སྣོད་བཅུད་ཁོར་ཡུག་བློས་གཏོང་བྱེད་མི་རུང་བ་དང་། ཚོང་ལས་ཅན་གྱི་གསར་སྤེལ་ཚད་ལས་བརྒལ་ནས་བྱེད་མི་རུང་བ། སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་འཛུགས་སྐྲུན་བྱེད་མི་རུང་བ། སྒེར་གྱི་འདུ་གནས་དེ་བས་གཉེར་མི་རུང་བ་བཅས་བྱས་ཏེ་སྤྱི་གླིང་དེ་མི་དམངས་མང་ཚོགས་ཀྱིས་མཉམ་སྤྱོད་བྱེད་པའི་ལྗང་མདོག་གི་བར་མཐོངས་ཤིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
    དེ་རྗེས། ཞི་ཅིན་ཕིང་གིས་ཧང་ཀྲོའུ་གྲོང་ཁྱེར་གྱི་རིག་ནུས་གཉེར་སྐྱོང་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས“གྲངས་འཛིན་འགོག་བཅོས”དང་། “གྲངས་འཛིན་གྲོང་སྐྱོང” “གྲངས་འཛིན་རིམས་བཅོས”སོགས་ཀྱི་ཉེར་སྤྱོད་འགྲེམས་སྟོན་ལ་གཟིགས་ཤིང་། ཧང་ཀྲོའུ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་རིག་ནུས་སྤྱད་དེ་འགྲིམ་འགྲུལ་དང་། རིག་གནས་ཡུལ་སྐོར། འཕྲོད་བསྟེན་བདེ་ཐང་སོགས་ཀྱི་མ་ལག་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་གསར་གཏོད་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས་ཧང་ཀྲོའུ་ཡིས་གྲོང་ཁྱེར་གྱི་རིག་ནུས་འཛུགས་སྐྱོང་ཐད་མུ་མཐུད་འཚོལ་ཞིབ་དང་གསར་གཏོད་བྱེད་པ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་སྔོག་འདོན་བྱེད་པ། རིག་ལྡན་གྲོང་ཁྱེར་མགྱོགས་མྱུར་སྐྲུན་པ་བཅས་བྱས་ནས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དེ་བས་མང་བ་གཏོད་རྒྱུའི་ཐུགས་རེ་གནང་བ་རེད།
    ཟླ་4ཚེས་1ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་ཀྲེ་ཅང་གི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས་དུས་མཚམས་ཤིག་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། མངའ་ཁོངས་ནང་གི་རེས་སྐོར་འདིའི་རིམས་ནད་ཁྱབ་ཆེ་བའི་དུས་སྐབས་འདས་ཟིན་མོད། འོན་ཀྱང་མངའ་ཁོངས་ཕྱིར་རིམས་ནད་ཁྱབ་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པས། རང་རྒྱལ་དུ་མངའ་ཁོངས་ཕྱི་ནས་རིམས་ནད་འགོས་པའི་ཉེན་ཁ་ཇེ་ཆེར་སོང་ཡོད། དེ་བས་ངེས་པར་དུ་ཕྱི་ནས་རིམས་ནད་འགོ་རྒྱུར་སྔོན་འགོག་དང་ནང་ལ་བསྐྱར་དུ་ཐོན་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནན་བཤད་དང་སླར་ཡང་ནན་བཤད་དང་མཐའ་འཁྱོངས་དང་སླར་ཡང་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་དོགས་ཟོན་རྒྱུན་འཁྱོངས་དང་དོགས་ཟོན་ནན་པོ་བྱེད་པ། ལྷག་པར་དུ་ནད་རྟགས་མེད་པའི་ནད་པར་དོ་དམ་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་ཁག་ལ་གནད་སྨིན་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་ཡོད།
    ཞི་ཅིན་ཕིང་གིས་ཉེན་ཁ་དང་གོ་སྐབས་ནི་ནམ་ཡང་མཉམ་དུ་གནས་ལ། ཉེན་ཁ་ཁྱད་བསད་བྱེད་པ་ནི་གོ་སྐབས་ཤིག་རེད། མངའ་ཁོངས་ཕྱིའི་རིམས་ནད་མགྱོགས་མྱུར་གང་སར་ཁྱབ་མཆེད་འགྲོ་བ་དང་བསྟུན་ནས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་བྱེད་སྒོར་ཤུགས་རྐྱེན་ཚབས་ཆེན་ཕོག་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལའང་འགྲན་སློང་གསར་པ་འཕྲད་པ་དང་དུས་མཚུངས་སུ་རང་རྒྱལ་གྱིས་ཚན་རྩལ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཐོན་ལས་ལེགས་སུ་གཏོང་བ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུར་གོ་སྐབས་གསར་པ་སྦྱིན་ཡོད། དེ་བས་དབྱེ་ཞིབ་གཏིང་ཟབ་དང་། ཕྱོགས་ཡོངས་ནས་དཔྱད་ཞིབ། འགྱུར་ལྡོག་ལ་ངོས་འཛིན་ཡང་དག ཚན་རིག་དང་མཐུན་པར་བབ་བསྟུན་འགྱུར་ལྡོག རང་འགུལ་ངང་འགྱུར་ལྡོག་བཅས་བྱས་ཏེ་མིག་མདུན་གྱི་ཉམས་ཉེན་དང་མིག་མདུན་གྱི་དཀའ་ངལ་ཁྲོད་ནས་གོ་སྐབས་དམ་འཛིན་དང་གསར་གཏོད་བྱེད་མཁས་པོ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་མགྱོགས་སུ་གཏོང་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་བ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་གི་དཀའ་གནད་དང་འགག་གནད་ཧུར་ཐག་སེལ་བ། ཐོན་ལས་འཁོར་སྦྲེལ་ཧྲིལ་པོ་མཉམ་འགུལ་ངང་ལས་འགོ་བསྐྱར་འཛུགས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ལུགས་བསྟན་གནང་བ་རེད།
    ཞི་ཅིན་ཕིང་གིས་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་འཐབ་ཇུས་འདིང་བ་དང་མ་འོངས་སྔོན་དཔག་གི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། ཞི་བདེ་དང་དམག་འཐབ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལས་ཀའི་སྟོབས་ཤུགས་འཐབ་ས་དང་པོར་ཕྱོགས་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཡ་རབས་སྐྱོན་བྲལ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ནི་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ“གྲོང་ཚོ་སྟོང་གིས་དཔེ་སྟོན་དང་གྲོང་ཚོ་ཁྲིར་བཅོས་སྒྲིག”གི་འདུ་འགོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གཏིང་ཟབ་བྱས་ཏེ་བཟོ་ཚོང་མ་རྩ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས“རི་ཁུལ་དང་གྲོང་གསེབ་ཏུ་བསྐྱོད་རྒྱུར”སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བརྒྱུད་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ལུགས་བསྟན་གནང་བ་རེད།
    ཞི་ཅིན་ཕིང་གིས་ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ནི་ས་ཁུལ་ཁག་དང་ཚན་པ་ཁག་གི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆུ་ཚད་དང་། འགོ་ཁྲིད་ཚན་ཁག་དང་ཏང་ཡོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་ལ་ཚོད་བགམ་ཏན་ཏིག་བྱས་པ་ཞིག་རེད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ་དང་ཏང་ཡོན་དང་ལས་བྱེད་པའི་རྒྱུན་གཏན་རང་བཞིན་གྱི་སློབ་གསོ་དོ་དམ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

འདི་ནི་ཟླ་3ཚེས་30ཉིན་ཞི་ཅིན་ཕིང་གིས་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་ཐེན་ཧོང་ཕིང་གྲོང་རྡལ་ཡུས་ཚུན་གྲོང་ཚོར་རྟོག་ཞིབ་གནང་བ་དང་ཆབས་ཅིག་པད་རྫིང་གཙང་སེལ་བྱེད་མཁན་གྲོང་མི་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་སྦྲགས་དཔྱིད་རྨོད་དཔྱིད་གྲབས་ཀྱི་གནས་ཚུལ་ཡང་བཀའ་འདྲི་གནང་བ།
འདི་ནི་ཟླ་3ཚེས་30ཉིན་ཞི་ཅིན་ཕིང་གིས་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་ཐེན་ཧོང་ཕིང་གྲོང་རྡལ་ཡུས་ཚུན་གྲོང་ཚོར་རྟོག་ཞིབ་གནང་བ་དང་ཆབས་ཅིག་པད་རྫིང་གཙང་སེལ་བྱེད་མཁན་གྲོང་མི་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་སྦྲགས་དཔྱིད་རྨོད་དཔྱིད་གྲབས་ཀྱི་གནས་ཚུལ་ཡང་བཀའ་འདྲི་གནང་བ།

  
style="display:none;"