མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པེར་ཀྲེམ་གྱི་རྒྱལ་པོ་ཧྥེ་ལི་ཕུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་04ཉིན། 15:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཀྲེམ་གྱི་རྒྱལ་པོ་ཧྥེ་ལི་ཕུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་མིག་སྔར་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་དེ། ཡོ་རོབ་དང་པེར་ཀྲེམ་ལ་འགྲན་སློང་དྲག་པོ་འཕྲད་ཡོད། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་པེར་ཀྲེམ་གྱི་གོང་མ་ཚང་དང་སྲིད་གཞུང་དང་པེར་ཀྲེམ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ། པེར་ཀྲེམ་གྱི་ལས་རིགས་ཁག་གིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་དང་རྒྱབ་སྐྱོར་བྱས་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ལྟ་རེས་སྐྱོང་རེས་ཀྱི་མཛའ་བརྩེ་ཟབ་མོ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་པེར་ཀྲེམ་གྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ། པེར་ཀྲེམ་ཕྱོགས་ལ་མིག་སྔའི་རིམས་འགོག་དངོས་ཟོག་མི་འདང་བའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་གང་ཐུབ་བྱེད་པ་དང་། པེར་ཀྲེམ་ཕྱོགས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་བཟང་པོ་མཉམ་སྤྱོད་བྱས་ཏེ། ཐུན་མོང་ཐོག་རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་སྤེལ་སོགས་ཁྱབ་ཁོངས་ལ་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། པེར་ཀྲེམ་གྱི་གོང་མ་ཚང་དང་སྲིད་གཞུང་གི་འགོ་ཁྲིད་འོག པེར་ཀྲེམ་གྱི་མི་དམངས་ཚོ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། པེར་ཀྲེམ་གྱིས་པེར་ཀྲེམ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་། ལྷག་པར་དུ་དེ་གར་སློབ་སྦྱོང་བྱེད་བཞིན་པའི་ཀྲུང་གོའི་སློབ་མ་ཚོའི་བདེ་འཇགས་འགན་ལེན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྦྲགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་ལ་རིགས་རྒྱུད་ལ་མི་རིགས་ཀྱི་དབྱེ་བའང་མེད། དེ་ནི་མིའི་རིགས་ཧྲིལ་པོར་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ཤུགས་གཅིག་ཏུ་ཆགས་པར་བྱས་ཚེ་རིམས་ནད་ལས་རྣམ་པར་རྒྱལ་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་ཡིན། མི་རིང་བའི་གོང་འཚོགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་ཀྱིས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ཐོག ངས་རིམས་ནད་འགོག་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་དང་འཛམ་གླིང་གི་དཔལ་འབྱོར་བརྟན་པོ་ཡོང་བའི་ཐད་གྲོས་འགོ་བཏོན་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་མགྱོགས་མྱུར་བྱེད་པ་དང་། དཀའ་ངལ་ཁྱད་བསད་བྱས་ཏེ་སྨན་བཅོས་རིམས་འགོག་དངོས་ཟོག་དང་ཐོན་ནུས་སྔོན་ལ་སླར་གསོ་དང་མཐོ་རུ་གཏོང་བ་དང་སྤུས་ཚད་ཀྱི་ལྟ་འདོམས་བྱེད་ཐབས་ནན་པོ་སྤྱད་དེ། གོ་ལ་ཧྲིལ་པོའི་རིམས་འགོག་ཐད་དངོས་ཟོག་འགན་ལེན་གང་ཐུབ་བྱེད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་རྒྱལ་པོ་ཁྱེད་ཀྱིས་ཀྲུང་གོ་དང་པེར་ཀྲེམ་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པེར་ཀྲེམ་དང་མཉམ་དུ་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་པེར་ཀྲེམ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པའི་ནན་བཤད་གནང་བ་རེད།
    ཧྥེ་ལི་ཕུའུ་ཡིས་མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་ལ་རྡབ་རྡེག་བཟོས་ཡོད། ཀྲུང་གོས་སྔོན་ལ་རིམས་ནད་ཚོད་འཛིན་ཐུབ་པས་ཀྲུང་གོའི་ཉམས་མྱོང་རྒྱལ་ཁབ་གཞན་ལ་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་གི་རིམས་ནད་འགོག་རྒོལ་ཐད་རྒྱབ་སྐྱོར་བྱས་པ་དང་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཕྲལ་མཁོའི་སྨན་བཅོས་འགོག་སྲུང་དངོས་རྫས་མཁོ་འདོན་བྱས་པར་པེར་ཀྲེམ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པེར་ཀྲེམ་གྱིས་སྨན་རྫས་ཞིབ་སྤེལ་ཐད་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་འདོད་ཡོད། དཀའ་ངལ་འཕྲད་སྐབས་བརྩེ་སེམས་ངོ་མ་མངོན། ཀྲུང་གོ་ནི་པེར་ཀྲེམ་གྱི་གྲོགས་པོ་བློས་ཐུབ་ཡིན། ངས་མཛའ་གྲོགས་ཀྱི་བརྩེ་སེམས་དེར་ནམ་ཡང་གཅེས་སྤྲས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྤེལ་རེས་དང་མཉམ་ལས་ལ་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"