མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྐོང་འདྲིའི་ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམས་ནད་
སྔོན་འགོག་དང་ཚོད་འཛིན་གྱི་ཁ་སྣོན་ལས་དོན་ཡག་པོ་བསྒྲུབས་ཏེ་དབུལ་སྒྲོལ་གྱི་སྤུས་ཚད་
མཐོ་པོ་ཡོང་བའི་འགན་ལེན་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་15ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་པེ་ཅིང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་སྐོང་འདྲིའི་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་རྫོང་རིམ་པ་ནི་རང་རེའི་ཏང་གི་རྩ་འཛུགས་ཀྱི་གྲུབ་ཆའི་ཁྲོད་སྔ་རྗེས་རྒྱུན་མཐུད་ཀྱི་གནས་བབ་བཟུང་བའི་འགག་རྩའི་ལྷུ་ཚིགས་ཤིག་དང་རྫོང་ཨུད་ཀྱི་ཧྲུའུ་ཅི་ནི་དབུལ་སྒྲོལ་འགག་སྒྲོལ་གྱི“འཐབ་ས་དང་པོའི་བཀོད་འདོམས་དཔོན”ཞིག་རེད། ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་བ་དང་དེ་བཞིན་ཞིབ་དཔྱད་བྱས་པ་བརྒྱུད། གནད་དོན་ཅུང་མང་པོ་ལྷག་པ་ཤེས་རྟོགས་བྱུང་བའི་རྫོང་གི་རྫོང་ཨུད་ཧྲུའུ་ཅི་འགའ་ཞིག་ཐད་ཀར་སྐོང་འདྲི་བྱ་རྒྱུའི་གཏན་འབེབས་བྱས་པ་དེ་ལས། རྫོང་རིམ་པའི་དབུལ་སྒྲོལ་ལས་དོན་ལ་དམིགས་བསལ་གྱི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ངོས་ནས་བརྗོད་ནའང་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། སྐོང་འདྲི་ནི་ལས་དོན་ལ་ལྟ་སྐུལ་དང་གནོན་ཤུགས་སྤྲོད་པ་ཞིག་རེད་ལ། ཡིད་ཆེས་དང་ཤུགས་རྒྱག་པ་ཞིག་ཀྱང་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ཞིབ་དཔྱད་སྙན་སེང་གསན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། གནོན་ཤུགས་སྒུལ་ཤུགས་དང་གཞན་སྐུལ་རང་འགུལ་དུ་སྒྱུར་བ་དང་། གདེང་ཚོད་བརྟན་དུ་གཏོང་བ་དང་གནད་དོན་ལ་གཏུག་ཕོད་པར་བྱེད་པ། གཞན་གྱིས་ལན་གཅིག་སྦྱངས་ནས་ཤེས་སར་རང་གིས་ལན་བཅུ་སྦྱོང་བ་དང་གཞན་གྱིས་ལན་བཅུ་སྦྱངས་ནས་ཤེས་སར་རང་གིས་ལན་བརྒྱ་སྦྱོང་བའི་སྙིང་སྟོབས་ཀྱི་ཐོག་ནས་གཟབ་ཅིང་ནན་ལ་མཁྲེགས་སར་གཏུག་ཕོད་པའི་ངང་གནད་དོན་བཅོས་སྒྲིག་བྱེད་པ། དོན་དངོས་ཀྱི་གསར་གཏོད་རང་བཞིན་དང་ཟུང་འབྲེལ་གྱིས་ལས་དོན་སྤེལ་བ། སྤུས་ཚད་མཐོ་པོས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་བཅས་བྱས་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཧུར་ཐག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
    དབང་དབྱང་གིས་ཏོག་གསར་གློ་ཚད་རིམས་ནད་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཁ་སྣོན་ལས་དོན་ཞིག་རེད་ལ། དབུལ་སྒྲོལ་གྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི་གཏན་འཁེལ་མེད་པའི་རྒྱུ་རྐྱེན་ཞིག་ཀྱང་རེད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་མགྱོགས་མྱུར་སླར་གསོ་ཐུབ་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ངལ་རྩོལ་ནུས་ཤུགས་དབུལ་པོ་གང་མགྱོགས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། འཛད་སྤྱོད་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་བྱ་སྤྱོད་ཤུགས་ཆེན་སྤེལ་བ། དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་པར་ཚོད་འཛིན་ཕོག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། ཕྱོགས་བསྡུས་ཐ་སྐྱོང་གི་འགན་ལེན་དྲ་བའི་ཚགས་དམ་དུ་གཏོང་བ། རིམས་ནད་ལས་འཐུས་ཤོར་སོང་བའི་འཕེལ་རིམ་ཁ་གསབ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་རིམས་ནད་ལས་ཐེབས་པའི་ཤུགས་རྐྱེན་ངན་པ་ཆུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་དགོས། དབུལ་སྒྲོལ་ལས་དོན་མཇུག་མཐའི་དུས་སུ་ཇི་ཙམ་སླེབས་ན་དེ་ཙམ་གྱིས་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། མིང་སྦྱར་ལྟ་སྐུལ་དམག་འཐབ་ནང་ལྟ་སྐུལ་བྱེད་པ་ལས་དམག་འཐབ་མི་རྒྱག་པ་དང་། ལྟ་སྐུལ་བྱེད་ཤུགས་ཆེ་བ་ལས་དམག་འཐབ་རྒྱག་ཤུགས་ཆུང་བ། ལྟ་སྐུལ་ལ་སྣང་ཆེན་བྱེད་པ་ལས་དབུལ་སྐྱོར་ལ་སྣང་ཆུང་བྱེད་པ་སོགས་ཀྱི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། གནད་དོན་འདོན་རྒྱུ་དང་གནད་དོན་ཐག་གཅོད་བྱ་རྒྱུ་གཉིས་ཟུང་འབྲེལ་གྱིས་རིམ་པ་གོང་མ་དང་གཤམ་རིམ་གྱིས་མཉམ་དུ་སྒྲུབ་པ་བཅས་བྱས་ནས་ལས་དོན་ཁག་ནས་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་བསམ་བློའི་ངོས་འཛིན་དང་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། རྫོང་ཨུད་ཧྲུའུ་ཅིའི་འཐབ་ས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དང་ལས་དོན་དོན་འཁྱོལ་བྱེད་པར་དམ་འཛིན་ནན་པོ་བྱེད་དགོས། གཟབ་གཟབ་ནན་ནན་དང་སྐུལ་འཐབ་གཞི་གཅིག་ཅན་མཐའ་འཁྱོངས་བྱས་ཏེ། གཟབ་ནན་དང་མཁྲེགས་སར་གཏུག་ཕོད་པའི་ངང་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ལྷོད་གཡེང་དང་སྣང་ཆུང་ལས་དམག་འཐབ་ཀྱི་གོ་སྐབས་ཤོར་རྒྱུ་གཏན་འགོག་བྱེད་པ། དམིགས་ཚད་ལས་འགན་ཇི་མ་ཇི་བཞིན་དུ་ལེགས་སྒྲུབ་བྱེད་པ་བཅས་བྱས་ཏེ་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

  
style="display:none;"