མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་16ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཧྥིན་ལན་སྲིད་གཞུང་དང་ཧྥིན་ལན་མི་དམངས་ཚོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་མིའི་རིགས་ནི་བདེ་སྡུག་མཉམ་མྱོང་བྱེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ན། ད་གཟོད་གཞི་ནས་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་ཐུབ་པ་དང་རིམས་ནད་ལས་རྣམ་པར་རྒྱལ་ཐུབ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱས་པ་བརྒྱུད་ཀྲུང་ཧྥིན་དབར་གྱི་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད། རིམས་ནད་མཇུག་འགྲིལ་རྗེས་ཕྱོགས་གཉིས་པོས་རིམ་པ་ཁག་གི་མི་སྣ་འགྲོ་འོང་གང་མགྱོགས་སླར་གསོ་བྱེད་དགོས་པ་དང་། ཚན་རྩལ་གསར་གཏོད་དང་། ཆ་འཕྲིན་འཕྲིན་གཏོང་། ཚེ་སྲོག་ཚན་རིག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱས་ཏེ་ཀྲུང་ཧྥིན་འབྱུང་འགྱུར་གྱི་མཉམ་ལས་རོགས་ཟླའི་འབྲེལ་བ་གསར་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
    ཉི་ཉི་སི་ཐུའོ་ཡིས་མིག་སྔར། ཧྥིན་ལན་ལ་རིམས་ནད་ཚབས་ཆེན་ཐོན་ཡོད་པས། ཧྥིན་ལན་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ཉམས་མྱོང་གིས་ང་ཚོར་ཕན་པ་ཆེན་པོ་ཐོབ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་སྨན་བཅོས་རིམས་འགོག་དངོས་ཟོག་སོགས་ཐད་ལ་རྒྱབ་སྐྱོར་ཆེན་པོ་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམས་ནད་ལས་གང་མགྱོགས་རྣམ་པར་རྒྱལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་ང་རྦད་དེ་མོས་མཐུན་ཡོད་ལ། ཀྲུང་གོ་ཕྱོགས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཡོ་རོབ་རྒྱལ་ཁབ་དབར་མཉམ་ལས་ཡག་པོ་བྱས་པར་བསྔགས་བརྗོད་ཀྱང་བྱེད་རྒྱུ་ཡིན། ད་དུང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་སྒྲོམ་གཞིའི་ནང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོའི་དཔལ་འབྱོར་གང་མགྱོགས་སླར་གསོ་དང་འཕེལ་རྒྱས་འགྲོ་རྒྱུ་དེ་འཛམ་གླིང་གི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན། ཧྥིན་ཀྲུང་གི་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཧྥིན་ལན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་མུ་མཐུད་ལྟ་རྟོག་བྱེད་རྒྱུ་ཡིན། ངའི་རེ་བར་ཁྱེད་དང་མཉམ་དུ་འབད་འཐབ་བྱས་ཏེ་ཧྥིན་ཀྲུང་གི་འབྲེལ་བ་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"