མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སིར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་16ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སིར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སིར་པི་ཡའི་དབར་གྱི་འབྲེལ་བ་ནི་ཆེས་གཏིང་ཟབ་པའི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་ཞིག་རེད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཚོད་བགམ་མདུན་དུ་རྒྱལ་ཁབ་གཉིས་པོས་སླར་ཡང་བྱ་སྤྱོད་དངོས་ལ་བརྟེན་ནས་སྤུན་ཟླའི་བརྩེ་སེམས་དང་གཅིག་སེམས་གཅིག་གཏད་ཀྱི་གྲོགས་པོའི་དྲང་བདེན་མངོན་པར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་སིར་པི་ཡའི་མི་དམངས་ལ་འཕྲད་པའི་རིམས་ནད་ཀྱི་ཉེན་ཁར་གཞན་སྡུག་རང་མྱོང་གི་བསམ་ཚུལ་ཞིག་བྱུང་ནས་སིར་པི་ཡ་ཕྱོགས་ལ་འཕྲལ་མཁོ་ཆེ་བའི་སྨན་བཅོས་འགོག་སྲུང་དངོས་ཟོག་མཁོ་འདོན་བྱས་པ་དང་ཆུ་ཚད་མཐོ་བའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིར་པི་ཡ་ཕྱོགས་ལ་རིམས་ནད་སྔོན་འགོག་ཐད་མུ་མཐུད་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁྱེད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དཔའ་ངར་ཞུམ་མེད་ཀྱི་སིར་པི་ཡའི་མི་དམངས་རྣམས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ལ། ཐུན་མོང་ཐོག་རིམས་ནད་འགོག་པའི་ཚོད་བགམ་བརྒྱུད་ཀྲུང་གོ་དང་སི་པི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལྡན་ངེས་ཡིན་པ་ཡིད་ཆེས་ཀྱང་ཡོད། ཀྲུང་གོ་དང་སིར་པི་ཡའི་མཛའ་གྲོགས་འབྲེལ་བ་ཡུན་ནས་ཡུན་དུ་གནས་པའི་སྨོན་འདུན་ཞུ།
     ཝུའུ་ཆི་ཆིས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ཚོད་འཛིན་ཐུབ་པར་ང་སེམས་གཏིང་ནས་དགའ་པོ་བྱུང་། སིར་པི་ཡའི་མི་དམངས་ལ་དཀའ་ངལ་ཆེན་པོ་འཕྲད་པའི་སྐབས་སུ་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་བྱས་པ་དང་ལྷག་པར་དུ་ཀྲུང་གོ་ཕྱོགས་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་སིར་པི་ཡར་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་པ་ང་ཚོས་དུས་ནམ་ཡང་སེམས་ལ་ངེས་རྒྱུ་ཡིན། ཀྲུང་གོས་སིར་པི་ཡའི་མི་དམངས་ལ་རིམས་ནད་ལས་རྣམ་པར་རྒྱལ་བའི་རེ་བ་ཞིག་སྦྱིན་ཡོད། དཀའ་ངལ་དང་འགྲན་སློང་གང་ཞིག་འཕྲད་རུང་སིར་པི་ཡའི་མི་དམངས་ནི་ནམ་ཡང་ཀྲུང་གོ་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་དང་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་ཡིན། སིར་པི་ཡ་ཕྱོགས་ཀྱིས་སིར་པི་ཡར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ནུས་ཤུགས་ཡོད་རྒུས་ལྟ་རྟོག་བྱ་རྒྱུ་ཡིན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མུ་མཐུད་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱེད་འདོད་ཡོད། སིར་པི་ཡ་དང་ཀྲུང་གོའི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག་ཅེས་གསུངས།

  
style="display:none;"