མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་ཏོག་གསར་
གློ་ཚད་རིམས་ནད་འགོག་རྒོལ་གྱི་འགོ་ཁྲིད་མི་སྣའི་དམིཌ་བསལ་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་17ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་ཕྱི་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་པེ་ཅིང་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ(10+3)གྱི་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་འགོ་ཁྲིད་མི་སྣའི་དམིགས་བསལ་ཚོགས་འདུར་ཞུགས་པ་རེད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་འགོ་ཁྲིད་མི་སྣ་དང་། ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིང་། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་བཅས་དང་དེ་བཞིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་ལིན་ཡུས་ཧུའེ་བཅས་ཚོགས་འདུར་ཞུགས་པ་དང་། ཝེ་ཐེ་ནམ་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
    ལི་ཁེ་ཆང་གིས་གཏམ་བཤད་གནང་སྐབས་མིག་སྔར་ཏོག་གསར་གློ་ཚད་རིམས་ནད་དེ་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་ལ་ཁྱབ་སྟེ་འཛམ་གླིང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་བཟོས་པ་དང་འཛམ་གླིང་གི་དཔལ་འབྱོར་ལ་རྡབ་རྡེག་ཚབས་ཆེན་བཟོས་ཡོད། མི་རིང་བའི་གོང་འཚོགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དམིགས་བསལ་དབུ་ཚོགས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། མཐུན་སྒྲིལ་ངང་ཁ་གཏད་གཅོག་པ་བཅས་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་གནང་བ་རེད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱིས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྐྱིད་སྡུག་མཉམ་མྱོང་དང་ལྟ་རེས་སྐྱོང་རེས་བྱས་ཏེ་ཨེ་ཤེ་ཡ་ཤར་མའི་ས་ཁུལ་གྱིས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
    ལི་ཁེ་ཆང་གིས་ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། ཡིད་ཆེས་བརྟན་གཏོང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་མཐའ་འཁྱོངས། ཡོངས་བསྒྲགས་དང་ཁ་གསལ་མཐའ་འཁྱོངས་བཅས་བྱས་པས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོན་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་བཞིན་ཡོད། དུས་མཚམས་རྗེས་མར་ང་ཚོས་མུ་མཐུད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱས་ཏེ་བསྐྱར་ལོག་སྔོན་འགོག་ཧུར་ཐག་བྱས་ནས་ལྷོད་གཡེང་གཏན་ནས་མི་གཏོང་བ་བྱ་རྒྱུ་ཡིན། རིམས་ནད་ཀྱི་མདུན་དུ་འཛམ་གླིང་རྒྱལ་ཁབ་ཁག་ནི་ལས་དབང་གཅིག་སྦྲེལ་དང་སྐྱིད་སྡུག་མཉམ་མྱོང་ཡིན་པས། རང་གཅིག་པུར་བརྟེན་ནས་ཐབས་མཁས་རང་སྲུང་བྱེད་ཐུབ་མཁན་རྒྱལ་ཁབ་གཅིག་ཀྱང་མེད་ཅེས་གསུངས་པ་རེད།
    ལི་ཁེ་ཆང་གིས་10+3རིམས་ནད་འགོག་རྒོལ་མཉམ་ལས་ཐད་གཤམ་གསལ་གྱི་གྲོས་འགོ་བཏོན་གནང་བ་སྟེ།
    གཅིག་ནི་ནུས་ཤུགས་ཡོད་རྒུས་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་འཕྲོད་བསྟེན་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཁག་གིས་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ་རིམས་ནད་མཆེད་རྒྱུ་བཀག་འགོག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རིན་མེད་རོགས་སྐྱོར་དང་ཚོང་ལས་ཀྱི་ཐབས་ལམ་བརྒྱུད་དེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ལ་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱེད་འདོད་ཡོད། 10+3གྱི་འཕྲལ་སྡོམ་སྨན་བཅོས་དངོས་ཟོག་གྲབས་གསོག་ལྟེ་གནས་འཛུགས་རྒྱུའི་གྲོས་འགོ་འདོན་རྒྱུ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ས་ཁུལ་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས།
    གཉིས་ནི་དཔལ་འབྱོར་འཕེལ་རྒྱས་སླར་གསོ་ཧུར་ཐག་བྱས་ནས་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ཡོང་བར་སྐུལ་འདེད་གཏོང་དགོས། སྒོ་ཁྲལ་ཆག་ཡང་གཏོང་བ་དང་། བཀག་རྒྱ་མེད་པར་བཟོ་བ། ཚོང་དོན་བདེ་བླག་ཡོང་བ་བྱེད་པ། མ་དངུལ་འཇོག་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕན་ཚུན་ཁྲོམ་རའི་སྒོ་མོ་འབྱེད་དགོས།
    གསུམ་ནི་སྲིད་ཇུས་མཐུན་སྦྱོར་དམ་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་བཀག་འགོག་བྱེད་དགོས། ང་ཚོར་དངུལ་རྩའི་ཉམས་ཉེན་གྱི་འགྲན་སློང་ལ་ཁ་གཏད་འཇལ་ནས་ས་ཁུལ་དེ་གར་བརྟན་ལྷིང་གི་སྟོབས་ཤུགས་མཁོ་འདོན་བྱེད་ཐུབ་པའི་ཡིད་ཆེས་ཡོད། ས་ཁུལ་དེ་གའི་འབྲུ་རིགས་མཁོ་སྤྲོད་དང་ཚོང་རའི་བདེ་འཇགས་ལ་འགན་སྲུང་ཡག་པོ་བྱེད་དགོས།
    ལི་ཁེ་ཆང་གིས་ནད་དུག་ནི་མིའི་རིགས་ཐུན་མོང་གི་དགྲ་བོ་རེད། ཀྲུང་གོའི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཨེ་ཤེ་ཡ་ཤར་མའི་མི་དམངས་དང་འཛམ་གླིང་མི་དམངས་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་དང་སྐབས་བབ་ཀྱི་དཀའ་ངལ་ཁྱད་བསད་བྱ་རྒྱུ་ཡིན། ང་ཚོས་ཐུན་མོང་ཐོག་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
   ཚོགས་ཞུགས་ཕྱོགས་ཁག་གིས་རིམས་ནད་ལས་ཐོན་པའི་སྔར་བྱུང་མྱོང་མེད་པའི་འགྲན་སློང་གི་མདུན་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱིས་མཉམ་ལས་ཀྱི་སྲོལ་རྒྱུན་མཐའ་འཁྱོངས་བྱས་ནས་མཐུན་སྒྲིལ་མངོན་པ་དང་ཐུན་མོང་ཐོག་འགྲན་སློང་བསུ་དགོས། ཉམས་མྱོང་སྤེལ་རེས་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་མཉམ་ལས་བྱས་ཏེ། ས་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལམ་སྲོལ་ཅན་ལ་སྐུལ་འདེད་གཏོང་དགོས། རིམས་ནད་ལས་རྣམ་པར་རྒྱལ་རྗེས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་དབར་གྱི་འབྲེལ་བ་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
    ད་རེས་ཀྱི་ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་རེད། ཚོགས་འདུ་གྲོལ་རྗེས《ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམིགས་བསལ་ཚོགས་འདུའི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

  
style="display:none;"