མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་ཡུན་ནན་དང་ཀུའེ་ཀྲོའུ་རུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་28ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཡུན་ནན་དང་ཀུའེ་ཀྲོའུ་རུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མང་ཚོགས་དབུལ་པོ་ཕྱི་རུ་ལས་ཞུགས་བྱེད་པ་དང་དེ་བཞིན་ཐོན་ལས་འཕེལ་རྒྱས་ལ་རིམས་ནད་ལས་འཕྲད་པའི་དཀའ་ངལ་གསར་པར་དམིགས་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་རྗེས་ཀྱི་རྗེས་མཐུད་རོགས་སྐྱོར་གྱི་གནད་དོན་གསར་པར་དམ་པོར་དམིགས་པ། ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཐབས་མང་མཉམ་སྤྱོད་དང་གནད་སྨིན་ཇུས་བསྟར་བྱེད་པ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་པོས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཡུན་ནན་གྱི་ཀྲའོ་ཐུང་གྲོང་ཁྱེར་དང་ཀུའེ་ཀྲོའུ་ཡི་པི་ཅེ་གྲོང་ཁྱེར་གྱི་མི་འབོར་དབུལ་པོ་ལྷག་མ་དེ་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ནང་མང་གྲས་སུ་སླེབས་ཀྱི་ཡོད་པས་འགག་སྒྲོལ་ཁྲོད་ཀྱི་འགག་སྒྲོལ་ཞིག་རེད། ཚེས་23ནས་26ཉིན་བར། དབང་དབྱང་ཀྲའོ་ཐུང་གྲོང་ཁྱེར་གྱི་ཀྲེན་ཞུང་རྫོང་དང་ཀྲའོ་དབྱང་ཆུས་དང་། དེ་བཞིན་པི་ཅེ་གྲོང་ཁྱེར་གྱི་ནཱ་ཡུང་རྫོང་དང་ཆི་ཤིང་ཀོན་ཆུས་སོགས་སུ་ཕེབས་ཏེ། དུད་ཚང་དབུལ་པོའི་ཕྱིར་སྐྱོད་ལས་ཞུགས་དང་། དབུལ་སྐྱོར་ཐོན་ལས་རྟེན་གཞི། དབུལ་སྐྱོར་འཁོར་ཁང་བཅས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་ཚུལ་ཤེས་རྟོགས་གནང་བ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཚུལ་བརྟག་ཞིབ་གནང་བ། དུད་ཚང་དབུལ་པོར་འཚམས་འདྲི་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུའང་འཚོགས་ཏེ་དབུལ་སྒྲོལ་གྱི་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་སྐོར་གྱི་སྙན་སེང་ཡང་གསན་པ་རེད། དབང་དབྱང་གིས་ཀྲའོ་ཐུང་དང་པི་ཅེའི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལས་ཞུགས་ནི་དབུལ་སྒྲོལ་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། རིམས་ནད་ཀྱིས་མང་ཚོགས་དབུལ་པོའི་ལས་ཞུགས་ལ་ཐེབས་པའི་ཤུགས་རྐྱེན་ཁྱད་བསད་བྱེད་རྒྱུ་ནི་མིག་སྔའི་མངོན་གསལ་དོད་པའི་གནད་དོན་ཞིག་ཡིན། དེས་ན་རྒྱལ་ཡོངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་ཚུལ་མགྱོགས་སུ་འགྲོ་བའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། ངལ་རྩོལ་ནུས་ཤུགས་དབུལ་པོ་ཕྱི་རུ་ལས་ཞུགས་བྱེད་པར་བསྐྱོད་རྒྱུ་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱེད་པ་དང་། ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། གཏོང་ས་གཏོང་ཡུལ་གྱི་ངལ་ནུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ལས་གནས་བརྟན་པོ་དང་ལས་གནས་བསྒྱུར་བའི་ཞབས་ཞུར་དམ་འཛིན་བྱེད་པ་དེ་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་གྱི་འཕྲལ་མར་སྒྲུབ་དགོས་པའི་ལས་འགན་ཞིག་ལ་བརྩི་བ། ཁོངས་གཏོགས་ཁུལ་གྱི་འགན་འཁྲི་ནན་དུ་གཏོང་བ། ཕྱིར་གླ་པ་རྒྱུག་པར་སྐྱོད་མཁན་ཕ་ཡུལ་དུ་ཕྱིར་ལོག་བྱེད་པ་སྔོན་འགོག་དང་ཉུང་དུ་གཏོང་གང་ཐུབ་བྱེད་པ་བཅས་བྱས་ནས་མང་ཚོགས་དབུལ་པོའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་རྩ་བའི་ཆ་ནས་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། མིག་སྔར། རིམས་ནད་ཀྱིས་ས་ཁུལ་དབུལ་པོའི་ཐོན་ལས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆེ་ཤོས་ནི་ཕྱིར་འཚོང་དཀའ་བ་དེ་རེད། དེས་ན་འཛད་སྤྱོད་དབུལ་སྐྱོར་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང་། ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ཐོན་རྫས་འགའ་ཞིག་བྲིན་ཁ་མི་རྒྱུག་པར་ཕུང་གསོག་ཐེབས་པའི་གནད་དོན་ཐག་གཅོད་བྱེད་པའི་དམིགས་བཙུགས་དབུལ་སྐྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ། རིམས་ནད་ཀྱི་འགྲན་སློང་ཁྲོད་དབུལ་སྐྱོར་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
    དབང་དབྱང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་གི་ལས་འགན་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་རྗེས་ལས་ཀའི་གཙོ་གནད་དེ་རྗེས་མཐུད་རོགས་སྐྱོར་ཐོག་འཇོག་དགོས། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་འཁོར་ཁང་འཛུགས་པ་དང་། སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་གཏོང་བ། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གནས་སྤོས་དུད་ཚང་གི་ལས་ཞུགས་ཐབས་ལམ་སྔར་བས་ཆེ་རུ་བཏང་ནས་དུད་ཚང་གཅིག་གནས་སྤོས་བྱས་ན་དེ་དབུལ་སྒྲོལ་ཐུབ་པ་དངོས་འབྲེལ་བྱེད་དགོས་པ་དང་། གནས་སྤོས་བྱས་པའི་ཞིང་པ་མང་ཚོགས་དང་གྲོང་མི་གསར་པ་གཉིས་ཀྱི“ཐོབ་ཐང་གཉིས”སྦྲེལ་མཐུད་ཡག་པོ་བྱེད་པ་དང་། སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བའི་བླང་བྱ་ལྟར། འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་གནས་སྤོས་མང་ཚོགས་ཐག་ཉེ་སར་སྨན་བཅོས་ཐུབ་པ་དང་སློབ་ལོ་ལོན་པའི་བུ་ཕྲུག་ཐག་ཉེ་སར་སློབ་གྲྭ་འགྲོ་ཐུབ་པའི་འགན་ལེན་བྱེད་དགོས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། ལས་དོན་ནུས་ལྡན་སྤེལ་བ་དང་། གནས་སྤོས་མང་ཚོགས་ཀྱི་བསམ་བློའི་ལྟ་བར་འགྱུར་ལྡོག་གཏོང་རྒྱུའི་ཁྲིད་སྟོན་བྱེད་པ། འཚོ་བའི་གོམས་གཤིས་དང་ཐོན་སྐྱེད་བྱེད་སྟངས་གསར་སྒྱུར་བྱེད་པ་བཅས་བྱས་ཏེ་ཁོར་ཡུག་གསར་པ་དང་རིམ་བཞིན་མཐུན་པར་བྱེད་དགོས་ལ་འཚོ་བ་གསར་པའི་ནང་དུའང་རིམ་བཞིན་འཇུག་པར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

  
style="display:none;"