མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པ་གཙོ་སྐྱོང་གནང་། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་29ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས། ཟླ་4ཚེས་27ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པ་གཙོ་སྐྱོང་གནང་བ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ནུས་ལྡན་བྱུང་བའི་རྩ་བའི་རྒྱུ་རྐྱེན་ནི་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆས་བསྡུར་ཐབས་བྲལ་བའི་ནུས་པ་གལ་ཆེན་བཏོན་པ་དེ་ཡིན། འཕེལ་རྒྱས་ཀྱི་ཁོར་ཡུག་ཇི་ཙམ་རྙོག་འཛིང་ཆེ་ན། དེ་ཙམ་གྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ཕྱོགས་ཁག་གི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་འཛུགས་སྐྱོང་དང་བཅོས་སྐྱོང་ནུས་པ་དེ་བས་སྒྱུར་བ་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ལམ་ལུགས་ཀྱི་ལེགས་ཆ་སྤྱོད་མཁས་པོ་བཅས་བྱས་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་དགོས་ཞེས་ནན་བཤད་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
    ཚོགས་འདུའི་ཐོག《སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་དངོས་ཟོག་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དང་། 《སྨན་བཅོས་འགན་སྲུང་ཐེབས་རྩ་ལྟ་འདོམས་ལམ་ལུགས་ཀྱི་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《ལས་གཏོད་མ་ལག་སྒྱུར་བཅོས་དང་ཆབས་ཅིག་ཚོད་ལྟ་ཐོ་འགོད་ལམ་ལུགས་ཀྱི་སྤྱིའི་ལག་བསྟར་ཇུས་གཞི》《རྒྱལ་ཡོངས་ཀྱི་སྣོད་བཅུད་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་གལ་ཆེན་གྱི་སྤྱིའི་འཆར་འགོད(2021ལོ་ནས་2035ལོ་བར)》 《ལུས་རྩལ་དང་སློབ་གསོ་ཟུང་འབྲེལ་གཏིང་ཟབ་བྱས་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ལག་བསྟར་གྱི་འཆར་འགོད(2020ལོ་ནས་2021ལོ་བར)》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
    ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་འཕེལ་རིམ་གནས་ཚུལ་དང་གོམ་སྟབས་རྗེས་མའི་སྒྱུར་བཅོས་བསམ་ཕྱོགས་ཀྱི་སྙན་སེང་གསན་པ་རེད།
    ཚོགས་འདུའི་ཐོག་བསྟན་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པར། སྨན་བཅོས་དངོས་ཟོག་འགན་ལེན་བྱ་རྒྱུ་ནི་རྨང་གཞིའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས་དང་ཐབས་མང་མཉམ་སྤྱོད་བྱེད་པ་དང་། འཕྲལ་མར་ཁེ་ལས་སྒྲིག་འཛུགས་ཀྱིས་མགྱོགས་མྱུར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་ཀྱི་དམིགས་ཚད་སྒྲུབ་པ། བྱེད་ཐབས་སྣ་མང་ཐོག་ནས་ཐོན་ནུས་ཆེ་རུ་དང་ཐོན་འབོར་མང་དུ་བཏང་བ། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་གཏོང་ལག་ལེན་བསྟར་བ། ཐོགས་མེད་བགྲོད་ལམ་བཏོད་པ་བཅས་བྱས་ནས་གཙོ་གནད་ས་ཁུལ་ལ་སྨན་བཅོས་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱས་ཡོད། སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་དངོས་ཟོག་འགན་ལེན་ནུས་པ་ཆེ་རུ་གཏོང་བར། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་སྡེ་ཚན་དབར་གྱི་མཐུན་སྦྱོར་ལེགས་སུ་བཏང་སྟེ། གཅིག་སྡུད་དོ་དམ་དང་། གཅིག་གྱུར་བཀོད་གཏོང་། རྒྱུན་གཏན་ཞབས་ཞུ། གནོད་འཚེ་ཐོན་སྐབས་འཕྲལ་སྡོམ་ལག་བསྟར། བསྡུ་གསོག་ཟུང་འབྲེལ། གྲོན་ཆུང་ཕན་ཆེ་བཅས་ཀྱི་བླང་བྱར་གཞིགས་པ་དང་། སྨན་བཅོས་འགོག་བཅོས་དང་། དངོས་ཟོག་གྲབས་གསོག ཐོན་ནུས་སྐུལ་སློང་བཅས“ཕྱོགས་གསུམ་གཞི་གཅིག”གི་དངོས་ཟོག་འགན་ལེན་མ་ལག་གཏོད་རྒྱུར་དམིགས་པ། འཕྲལ་སྡོམ་དངོས་ཟོག་གྲབས་གསོག་གི་སྣ་ཁ་དང་། གཞི་ཁྱོན། གྲུབ་ཆ་བཅས་འཐུས་སྒོ་ཚང་དུ་གཏོང་བ། གྲབས་གསོག་བྱེད་ཐབས་གསར་གཏོད་བྱེད་པ། ཐོན་ནུས་འགན་ལེན་དང་ཁུལ་ཁོངས་བཀོད་སྒྲིག་ལེགས་སུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་དངོས་ཟོག་འགན་སྲུང་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་འགག་རྩའི་དུས་སུ་འཕྲལ་སྡོམ་དངོས་ཟོག་གལ་ཆེན་གཏོང་འདྲེན་དང་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།
    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་ནི་མི་དམངས་མང་ཚོགས་ཀྱི“ནད་བསྟེན་གྱི་དངུལ”དང“སྲོག་སྐྱོབ་ཀྱི་དངུལ”ཡིན་པས་ངེས་པར་དུ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས། ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ནང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་དང་ནོར་སྲིད་པུའུ་སོགས་སྡེ་ཚན་གྱིས་དུས་ཐོག་ཏུ་འབྲེལ་ཡོད་སྲིད་ཇུས་བཏོན་ཏེ། ཏོག་གསར་གློ་ཚད་རིམས་ནད་སྨན་བཅོས་སྐྱོབ་བཅོས་བྱ་རྒྱུ་དེ་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཀྱི་ཁྱབ་ཁོངས་ནང་བཞག་པ་མ་ཟད། མ་དངུལ་ཁག་གཅིག་སྔ་རྟིང་བཏང་ནས་ནད་གཞི་བཅོས་རྒྱུར་སྨན་རིན་སྤྲོད་མི་ཐུབ་པའི་ཤུགས་རྐྱེན་མི་ཐེབས་པ་དང་གཏོང་སྤྲོད་སྲིད་ཇུས་ཀྱིས་རྐྱེན་པས་ཉར་བཅོས་སྨན་ཁང་གིས་སྐྱོབ་བཅོས་བྱ་རྒྱུར་ཤུགས་རྐྱེན་མི་ཐེབས་པ་བྱས་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱས་ཡོད། ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་བཞིན་ལྟ་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁ་དན་ཚིག་ལ་མི་གནས་མཁན་ལ་ཆད་པ་གཅོད་པ་དང་ཁ་དན་ཚིག་ལ་གནས་མཁན་ལ་སྐུལ་ལྕག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཁྱབ་ཁོངས་ཧྲིལ་པོ་དང་བརྒྱུད་རིམ་ཧྲིལ་པོའི་ཐེབས་རྩའི་བདེ་འཇགས་ཀྱི་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་འཛུགས་པ། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་སྲུང་སྐྱོང་བཅས་བྱས་ཏེ་སྨན་བཅོས་འགན་སྲུང་ལམ་ལུགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
    ཚོགས་འདུའི་ཐོག་བསྟན་དོན། ལས་གཏོད་མ་ལག་སྒྱུར་བཅོས་དང་འབྲེལ་ཚོད་ལྟ་ཐོ་འགོད་ལམ་ལུགས་ལ་སྐུལ་འདེད་གཏོང་རྒྱུ་ནི་མ་རྩའི་ཁྲོམ་ར་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། མ་རྩའི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མ་རྩའི་ཁྲོམ་རའི་བྱེད་ནུས་ཆེ་རུ་གཏོང་བ་བཅས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། ཚད་ལྡན་དང་། ཁ་གསལ། སྒོ་དབྱེ། གསོན་ཤུགས་ལྡན་པ། ལྡེམ་ཤུགས་ལྡན་པ་བཅས་ཀྱི་མ་རྩའི་ཁྲོམ་ར་གཏོད་རྒྱུར་དམིགས་ཏེ། འགྲེམས་སྤེལ་དང་། ཁྲོམ་ཞུགས། ཆ་འཕྲིན་གསལ་བསྒྲགས། ཉོ་ཚོང་། ཁྲོམ་ར་ནས་ཕྱིར་འཐེན་སོགས་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ལས་གཏོད་མ་ལག་དང་དེ་མིན་མ་ལག་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། རང་སོའི་ངེས་གནས་གནད་ལ་འཁེལ་པོས་འཚོལ་བ། རང་སོའི་ཁྱད་ཆོས་བཞིན་སྒྲུབ་པ་བཅས་བྱས་ཏེ་རང་སོའི་ཁྱད་ཆོས་ལྡན་པ་དང་ཕན་ཚུན་གསབ་རེས་ཀྱི་འགྲན་རྩོད་རྣམ་པ་ཚད་རན་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་སྤྱི་འདོམས་བྱེད་པ། རྒྱལ་ཡོངས་ཀྱི་སྣོད་བཅུད་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་གལ་ཆེན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ། རང་བྱུང་སྣོད་བཅུད་མ་ལག་བརྒྱུད་རིམ་གྱི་ཆོས་ཉིད་དང་ནང་སྐྱེས་ཀྱི་རྩ་དོན་དང་བསྟུན་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། སྣོད་བཅུད་མ་ལག་གི་རང་ངོས་ཀྱི་ཉམས་གསོའི་ནུས་པ་ཆེ་རུ་གཏོང་བ། སྣོད་བཅུད་མ་ལག་གི་བརྟན་པོའི་རང་བཞིན་ཟབ་ཏུ་གཏོང་བ་བཅས་བྱས་ནས་རང་བྱུང་སྣོད་བཅུད་མ་ལག་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་དང་སྣོད་བཅུད་ཐོན་རྫས་མཁོ་སྤྲོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
    ཚོགས་འདུའི་ཐོག་བསྟན་དོན། ལུས་རྩལ་དང་སློབ་གསོ་ཟུང་འབྲེལ་བྱས་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བར། བདེ་ཐང་ཨང་དང་པོ་ཡིན་པའི་སློབ་གསོའི་འདུ་ཤེས་འཛུགས་པ་དང་། གཞོན་ནུ་ལོ་ཆུང་གི་རིག་གནས་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སློབ་གྲྭའི་ལུས་རྩལ་ལས་དོན་ལ་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་གི་ལུས་རྩལ་འགྲན་བསྡུར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལུས་རྩལ་སྦྱོང་བརྡར་ཁྲོད་སློབ་མའི་སྤྲོ་སྣང་འཕེལ་རྒྱུ་དང་། གཟུགས་པོ་ཐང་པོ་ཡོང་རྒྱུ། མི་གཤིས་འཐུས་སྒོ་ཚང་དུ་གཏོང་བ། སྙིང་སྟོབས་ལ་ཞུན་བརྡར་ཐུབ་པ་བཅས་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིས། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ལག་བསྟར་གྱི་འཆར་འགོད(2020ལོ་ནས་2021ལོ་བར)ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལས་གྲྭའི་ས་བཀྲ་ཞིག་ཡིན་པས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་བླང་བྱ་ཁོང་དུ་ཆུད་པ་བྱས་ཏེ། མ་ལག་འདུས་གྲུབ་དང་མཐུན་སྦྱོར་ནུས་ཆེར་གཙིགས་ཆེན་དང་། ལམ་ལུགས་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་རྒྱུ་དང་། ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་རྒྱུ། ལམ་ལུགས་ལ་བརྩི་སྲུང་ཞུ་བ་དང་ལག་བསྟར་བཅས་བྱ་རྒྱུར་སྡེབ་གཅིག་ལ་སྐུལ་འདེད་གཏོང་དགོས།
    ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ང་ཚོས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ལ་བཀོད་སྒྲིག་ཞིབ་ཚགས་དང་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་མ་ཟད། སྒྲིག་སྲོལ་རང་བཞིན་གྱི་འགོག་རྐྱེན་སེལ་བ་དང་། ལམ་སྲོལ་རང་བཞིན་གྱི་བཀག་རྡོ་གཏོར་བ། སྲིད་ཇུས་རང་བཞིན་གྱི་གསར་གཏོད་བཏོན་པ་བཅས་བྱས་པར་བརྟེན་རིགས་ཁག་གི་བྱེད་པོའི་གསར་གཏོད་སྒུལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། གསར་གཏོད་ཀྱི་གཞི་རྒྱུའི་བཀོད་སྒྲིག་ལེགས་སུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་ཧྲིལ་པོའི་ནུས་པ་ཆེ་རུ་ཕྱིན་ནས། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད། དེ་དང་ཆབས་ཅིག་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ལས་འགན་དོན་འཁྱོལ་དོ་མི་སྙོམས་པ་དང་དོན་ཐོག་ཏུ་མ་འཁྱོལ་བ། སྒྱུར་བཅོས་གལ་ཆེན་ཁག་གཅིག་གི་སྐུལ་འདེད་གོམ་སྟབས་མགྱོགས་པོ་མེད་པ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་མཐུན་སྦྱོར་བྱེད་ཤུགས་མི་འདང་བ། གཏིང་ཟབ་པའི་ལམ་ལུགས་ཀྱི་འགོག་རྐྱེན་ཁག་གཅིག་ད་དུང་རྩ་བ་ནས་མེད་པ་བཟོ་ཐུབ་མེད་པ་བཅས་མཐོང་བ་བྱེད་དགོས། སྒྲིག་སྲོལ་ལམ་སྲོལ་ཐད་ནས་ཚན་རྩལ་གསར་གཏོད་དང་སྟབས་བསྟུན་ཁ་གཏད་འཇལ་བའི་ནུས་པ་མཐོ་རུ་བཏང་ནས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་རྒྱལ་ཁབ་ཀྱི་སྒྲིག་སྲོལ་གསར་པ་མགྱོགས་མྱུར་བསྐྲུན་པ་དང་། ཞན་ཆ་གསབ་པ་དང་། ཞན་ཆའི་རྣམ་གྲངས་སྟོབས་ཆེར་གཏོང་བ། སྐྱོན་ཆ་གསབ་པ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་མ་ལག་ཅན་གྱི་ནུས་པ་ཆེ་རུ་གཏོང་དགོས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ལམ་སྲོལ་གསར་གཏོད་བྱས་ཏེ་ཐོན་སློབ་ཞིབ་གསུམ་གྱི་གསར་གཏོད་འཁོར་སྦྲེལ་དང་། ཐོན་ལས་འཁོར་སྦྲེལ། རིན་ཐང་འཁོར་སྦྲེལ་བཅས་ཀྱི་ལམ་བུ་བཤངས་དགོས། ཚན་ཞིབ་གྲོན་དངུལ་དོ་དམ་དང་། ཚན་ཞིབ་གདེང་འཇོག ཚན་རྩལ་གྱི་གནད་ལུགས། སྤྱོད་ཚུལ་དང་སློབ་སྲོལ་འཛུགས་སྐྱོང་སོགས་ཀྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱེད་དགོས།
    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མིག་སྔར་རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལེགས་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་མ་ཟད། གནས་བབ་སྔར་བས་སྲ་བརྟན་བྱུང་ཡོད། ང་ཚོས་སྔར་བཞིན་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལ་ཡུན་རིང་ཁ་གཏད་གཅོག་པའི་བསམ་བློའི་གྲ་སྒྲིག་དང་ལས་དོན་གྱི་གྲ་སྒྲིག་ཡག་པོ་བྱེད་པ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བསམ་གཞིག་དང་བཀོད་སྒྲིག་འཆར་འགོད་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམིགས་པ། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བཅས་བྱས་ཏེ། ཉེན་ཁ་འགོག་པ་དང་། རྨང་གཞི་འདིང་བ། དམངས་འཚོར་ཕན་འདོགས་པ། ཕུགས་ལ་ཕན་པ་བཅས་ཀྱི་སྒྱུར་བཅོས་དང་ཟུང་འབྲེལ་ནུས་ལྡན་བྱེད་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་། གྲོང་མིའི་ལས་ཞུགས། མ་འཇོག་འཛད་སྤྱོད། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས། གཞི་རྩའི་དམངས་འཚོ། དབུལ་སྒྲོལ་འགག་སྒྲོལ་བཅས་ལ་ཕན་པའི་སྒྱུར་བཅོས་བྱེད་ཐབས་ལ་སྟོབས་ཤུགས་གཅིག་སྡུད་ཀྱིས་སྐུལ་འདེད་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཞན་ཆའི་རྣམ་གྲངས་དང་ཉེན་ཁ་འགྲན་སློང་ཐད། རྒྱང་ལྟའི་རང་བཞིན་གྱི་ཇུས་འགོད་ལྡན་དགོས་ཤིང་། སྤྱི་པའི་འཕྲོད་བསྟེན་དང་། སྐྱེ་དངོས། འབྲུ་རིགས། ནུས་རྒྱུ། དངུལ་རྩ། དྲ་བ། གེགས་འགོག སྤྱི་ཚོགས་བཅོས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་མཐའ་འཁྱོངས་དང་། སྔོན་འགོག་སྔོན་གྲབས་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བ་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་གོ་སྐབས་དམ་འཛིན་གྱིས་རང་འགུལ་ངང་བྱས་རྗེས་འཇོག་དགོས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་སྒྲིག་སྲོལ་ལམ་སྲོལ་གྱི་གནད་དོན་ཐད། གཞི་རྒྱུའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་འགན་ནུས་སྒྱུར་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བ། ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་བརྟན་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་གལ་ཆེན་ལ་དམ་འཛིན་བྱས་ཏེ་བརྒྱུད་རིམ་གཅིག་གྲུབ་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་འདོམས་བཀོད་སྒྲིག་སྒོས་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དུས་བབ་ཀྱི་འགྱུར་ལྡོག་གཞིར་བཟུང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་གནད་དོན་དངོས་ཐག་གཅོད་ཁྲོད་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས། སྒྱུར་བཅོས་འདི་ཉིད་དེ་བས་དོན་དངོས་ལ་འཚམ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་གསར་པར་འཚམ་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་འཚམ་པ་བཅས་བྱེད་དགོས།
    འདི་ལོ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་མཚམས་ཚིགས་གལ་ཆེན་ཞིག་ཡིན་པས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་གཏན་འཁེལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་དགོས་པ་མ་ཟད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་འགོ་ཡག་པོ་རྩོམ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གདེང་ཚོད་བརྟན་དུ་གཏོང་བ་དང་དཀའ་ངལ་བསུ་བཞིན་དུ་མདུན་སྐྱོད་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས།
    ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཨུ་ཡོན་ཚོགས་འདུར་ཕེབས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།

  
style="display:none;"