མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་30ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་འབྲེལ། ཚན་རིག་དང་མཐུན་ལ་དམངས་གཙོའི་ཐབས་ཇུས་འདིང་རྒྱུར་སྐུལ་འདེད་བཏང་ནས་སྲིད་གཞུང་བཅོས་སྐྱོང་གི་ནུས་ཆོད་ཆེ་རུ་གཏོང་བ་དང་། ཆ་འཕྲིན་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཐོན་ལས་དང་འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་འབྲེལ། ཚན་རིག་དང་མཐུན་ལ་དམངས་གཙོའི་ཐབས་ཇུས་འདིང་རྒྱུར་སྐུལ་འདེད་བཏང་ནས་སྲིད་གཞུང་བཅོས་སྐྱོང་གི་ནུས་ཆོད་ཆེ་རུ་གཏོང་བ་དང་། ཆ་འཕྲིན་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཐོན་ལས་དང་འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་གནང་བ་རེད།
    ཚོགས་འདུའི་ཐོག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་སྒྲུབ་གཉེར་བྱེད་པ་ནི། སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་བླང་བྱ་གཞིར་བཟུང་། ཁྲིམས་བཞིན་འགན་འཁྲི་སྒྲུབ་པ་དང་རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་རེད་ལ། ཀུན་གྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཚན་རིག་དང་མཐུན་ལ་དམངས་གཙོའི་སྲིད་ཇུས་ལག་བསྟར་བྱེད་པ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། ན་ནིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱིས་སྣེ་ཁྲིད་དེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་ཁག་7162དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཁག་3281སྒྲུབ་གཉེར་བྱས་པ་དེས་གྲོས་འགོ་དང་གྲོས་གཞིའི་བསྡོམས་འབོར་གྱི་87.8%དང་85%སོ་སོར་བཟུང་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་འཐུས་མི་དང་ཨུ་ཡོན་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོར་ནན་ཏན་ངང་ཞིབ་འཇུག་དང་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་སྲིད་ཇུས་དང་བྱ་ཐབས་ཁག་1500ལྷག་ཙམ་བཏོན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་། གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ལས་དོན་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་བསྟན་པ་རེད། ཚོགས་འདུའི་ཐོག་ཚད་མཐོའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་འདི་ལོའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་སྒྲུབ་གཉེར་བྱེད་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཚོགས་དང་མི་དམངས་མང་ཚོགས་ཀྱི་རེ་འབོད་ཡག་པོ་ཉན་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་དེ་བས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་དགོས། དེ་ཡང་གཅིག་ནས་སྒྲུབ་གཉེར་ལས་དོན་དང་ལས་སྒོའི་ལས་དོན་ཟུང་འབྲེལ་བྱས་ནས“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པར་གཙོ་གནད་ཐོག་དམིགས་པ་དང་། སྤྱི་ཚོགས་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་ཉན་པ། འཐུས་མི་དང་ཨུ་ཡོན་ལ་དགོས་མཁོ་དང་། འཆར་གཞི། ཐབས་ཇུས་འདྲི་བ་བཅས་བྱས་ཏེ་ཁོང་ཚོའི་ཡང་དག་པའི་ལྟ་བ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ལ་འགྱུར་བ་བྱེད་དགོས། 
     གཉིས་ནས་སྒྲུབ་གཉེར་གྱི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། མང་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱེད་པའི་གླེང་མང་བའི་གནད་དོན་དང་ཁྲོམ་རའི་བྱེད་པོས་དོ་ཁུར་ཆེན་པོ་བྱེད་པའི་དཀའ་གནད་ལ་དམིགས་ནས། བྱ་ཐབས་དངོས་བཏོན་ཏེ་ཐག་གཅོད་གང་མགྱོགས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། འཐུས་མི་དང་ཨུ་ཡོན་ཚོས་གཅིག་སྡུད་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་ཟུར་བཙུགས་རྩིས་ཁྲ་བཟོས་ནས་མིང་སྦྱར་སྒྲུབ་སྐུལ་བྱེད་པ་དང་། བསྒྲུབ་རྒྱུ་ཁས་བླངས་པའི་ལས་དོན་ངེས་པར་དུ་གང་མགྱོགས་དོན་འཁྱོལ་བྱས་ནས་ཁེ་ལས་དང་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས། གསུམ་ནས་འཐུས་མི་དང་ཨུ་ཡོན་དང་འབྲེལ་གཏུག་སྤེལ་རེས་བྱེད་རྒྱུ་དེ་སྒྲུབ་གཉེར་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། བརྟག་ཞིབ་བྱེད་པར་གདན་འདྲེན་པ་དང་། ཆེད་དོན་བཞུགས་མོལ་བྱེད་པ། ཁྱིམ་དུ་འཚམས་འདྲིར་སྐྱོད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད། སྲིད་གཞུང་སྡེ་ཚན་གྱིས་འཐུས་མི་དང་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པའི“ཐོགས་མེད་བགྲོད་ལམ”གཏོད་དགོས་པའི་བླང་བྱ་བཏོན་པ་རེད།
    ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། ཆ་འཕྲིན་དྲ་རྒྱ་སོགས་རྣམ་པ་གསར་པའི་རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་བཏང་སྟེ“ལས་རིགས་གཅིག་གིས་ལས་རིགས་བརྒྱ་ཡི་སྣེ་ཁྲིད་པའི”བྱ་ཐབས་སྤྱད་ནས། ཐོན་ལས་རིམ་སྤོར་བྱེད་རོགས་དང་འགུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས་པ་དང་འབྲེལ། ལས་གཏོད་ལས་ཞུགས་ལ་ཁྲིད་སྟོན་བྱས་ནས་མིག་སྔ་དང་ཕུགས་ལ་ཕན་པར་བྱེད་དགོས་ཏེ། གཅིག་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཐོན་ལས་ཀྱི་མངོན་མེད་ནུས་པ་གཞིར་བཟུང་། ཆ་འཕྲིན་དྲ་རྒྱ་སོགས་རྣམ་པ་གསར་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མ་འཇོག་འཛུགས་སྐྲུན་གྱི་བྱ་ཐབས་གསར་གཏོད་བྱས་ཏེ་ཁྲོམ་རའི་མ་འཇོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་། སྣ་མང་བྱེད་པོ་འཛུགས་སྐྲུན་ལ་ཞུགས་རྒྱུར་རྒྱབ་སྐྱོར། དངུལ་རྩའི་སྒྲིག་གཞིས་ཐོན་རྫས་གསར་གཏོད་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་རྒྱུར་ལྕག་སྐུལ་བཅས་བྱེད་དགོས། སྲིད་གཞུང་གི་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མ་འཇོག་འཛུགས་སྐྲུན་ལ་སྟབས་བདེ་དེ་བས་མང་བ་སྐྲུན་དགོས། གཉིས་ནས་རྒྱལ་ནང་གི་དགོས་མཁོར་གཞིགས་པ་དང་། བཀོལ་སྤྱོད་ཕྱོགས་སྟོན་དུ་འཛིན་པ། རང་རྒྱལ་གྱི་ཁྲོམ་རའི་གཞི་ཁྱོན་ཧ་ཅང་ཆེ་བའི་མངོན་མེད་ནུས་པ་འདོན་པ་བཅས་བྱས་ནས་རྣམ་པ་གསར་པའི་རྨང་གཞིའི་སྒྲིག་བཀོད་བཀོལ་སྤྱོད་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་དགོས་ཞེས་བསྟན་པ་རེད།

  
style="display:none;"