མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་གྲོལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་30ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་5ཚེས་28ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་ཞིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་དང་། ལི་ཀྲན་ཧྲུའུ་ཡིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

ཟླ་5ཚེས་28ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་ཞིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་དང་། ལི་ཀྲན་ཧྲུའུ་ཡིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ། 

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སོགས་ལ་ཆོག་མཆན་གནང་བ།
    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལ་གྲོས་འཆམ་བྱུང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་བ།
    རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ།
   ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ་དང་། ལི་ཀྲན་ཧྲུའུ་ཡིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་རྗེས། ཚེས་28ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་ཞིང་། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སོགས་ལ་ཆོག་མཆན་གནང་བ་རེད། ཚོགས་ཆེན་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་45པར་མཚན་རྟགས་བཀོད་ནས་བཅའ་ཁྲིམས་དེ་ཁྱབ་བསྒྲགས་གནང་བ་རེད། ཚོགས་ཆེན་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད།
    མཇུག་འགྲིལ་ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོཌ་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་བ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་གཡོད་གཡོད། ཅི་པིན་ཤོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། དབན་ཨོ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཝུའུ་ཝུའེ་ཧྭ། དབྱང་ཀྲེན་ཝུའུ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད་པ་རེད།
   ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
    ཚོགས་འདུར་འཐུས་མི་2956ཕེབས་དགོས་པ་དང་། དངོས་སུ་འཐུས་མི་2886ཕེབས་ཡོད་པ་དང་། འཐུས་མི་70ཕེབས་ཐུབ་མེད་པས་ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
    ཕྱི་དྲོའི་ཆུ་ཚོད་3པར་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་ནང་། ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་གཅིག་ལྷག་ཙམ་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། སྙན་སྒྲོན་ནང་བཏོན་པའི་2020ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་། དམིགས་ཚད་གཙོ་བོ། གཙོ་གནད་ལས་འགན་བཅས་ལ་མོས་མཐུན་གནང་བ་དང་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
   ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། དམངས་དོན་ཁྲིམས་གཞུང་ལ་གྲོས་འཆམ་བྱུང་བ་དང་། དམངས་དོན་ཁྲིམས་གཞུང་དེ་2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།
   ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། གཏན་འབེབས་དེ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
    ཚོགས་འདུའི་ཐོག་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་ལ་ཆོག་མཆན་འགོད་རྒྱུའི་གཏན་འབེབས་གནང་བ། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིར་ཆོག་མཆན་གནང་ཡོད། 2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་། 2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་། 2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་གནང་བ། 2020ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་གནང་བ་རེད།
    ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་ནང་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། སྙན་སྒྲོན་ནང་བཏོན་པའི་སླད་ཕྱིན་དུས་མཚམས་ཤིག་རིང་གི་ལས་འགན་གཙོ་བོ་དང་ལས་ཀའི་བཀོད་སྒྲིག་ལ་མོས་མཐུན་གནང་བ་དང་སྙན་སྒྲོན་འདིར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བསྟན་ཡོད།
    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། སྙན་སྒྲོན་འདི་གཉིས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་གནང་བ་རེད།
    ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཧྥེང་ཀྲུང་ཧྭ་ཡི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་དང་ལེན་བྱེད་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
    དེ་རྗེས་ལི་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་ཞིང་། ཁོང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དེ་ནི་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད་ཅེས་གསུངས་པ་རེད། ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་ལྷག་ཙམ་རིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། འཐུས་མི་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རླུང་བརྟེན་རླབས་གཤག་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བས། ཟླ་བ་གཅིག་ལྷག་ཙམ་གྱི་དུས་ཡུན་སྤྱད་དེ་རིམས་ནད་མཆེད་ཚུལ་བཀག་འགོག་རགས་ཙམ་ཐུབ་པ་དང་། ཟླ་བ་གཉིས་ཙམ་གྱི་དུས་ཡུན་སྤྱད་དེ་ཡུལ་དེ་གའི་ཉིན་རེའི་ནད་དཔེ་གསར་པ་གྲངས་གནས་གཅིག་ནང་ཚུན་དུ་ཚོད་འཛིན་ཐུབ་པ་དང་འབྲེལ། ཟླ་བ་3ཙམ་གྱི་དུས་ཡུན་ནང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ང་ཚོ་ལྟ་བུའི་མི་འབོར་དུང་ཕྱུར་14ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ལ་མཚོན་ན་གྲུབ་འབྲས་འདི་ལྟ་བུ་ནི་ལས་སླ་པོར་ཐོབ་པ་ཞིག་མིན། དེ་ནི་ཀྲུང་གོ་མི་དམངས་ཀྱི་བྱ་སྤྱོད་དཔའ་ཉམས་ལྡན་པ་ཞིག་ཡིན་པ་དང་། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་རླབས་པོ་ཆེ་ཞིག་ཡིན་པ་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
    ལི་ཀྲན་ཧྲུའུ་ཡིས། ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་དག་ལ་གྲོས་ཞིབ་གནང་ནས་ཆོག་མཆན་སྤྲད་པ་དང་། སླད་ཕྱིན་དུས་མཚམས་ཤིག་རིང་གི་ལས་དོན་བཀོད་སྒྲིག་གནང་བ་དང་། ང་ཚོས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་རང་འགན་གཙང་སྒྲུབ་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་དགོས་ཞེས་གསུངས་པ་རེད།
    ལི་ཀྲན་ཧྲུའུ་ཡིས། ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་དམངས་དོན་ཁྲིམས་གཞུང་ནི་ཀྲུང་གོ་གསར་པའི་ཁྲིམས་གཞུང་གི་མིང་བཏགས་པའི་བཅའ་ཁྲིམས་དང་པོ་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བར་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་མཚོན་རྟགས་རང་བཞིན་གྱི་ཁྲིམས་འཛུགས་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་དེ་བས་འཐུས་སྒོ་ཚང་བའི་དམངས་དོན་ཁྲིམས་ལུགས་ཀྱི་འགན་ལེན་ཐུབ་ངེས་རེད། ང་ཚོས་སྣེ་ཁྲིད་ནས་བཅའ་ཁྲིམས་འདིར་སློབ་སྦྱོང་དང་། དྲིལ་བསྒྲགས། བརྩི་སྲུང་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཁྲིམས་གཞུང་འདི་ཁྱབ་གདལ་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱིས་རང་རྟོགས་དང་ཁྲིམས་བཞིན་དམངས་དོན་བྱེད་སྒོ་སྤེལ་ན། དམངས་དོན་རྩོད་གཞི་ཉུང་དུ་གཏོང་ཐུབ་པ་དང་། དམངས་དོན་གྱི་འགལ་བ་བསལ་ནས་སྤྱི་ཚོགས་ཤེས་དཔལ་དང་། ཞི་མཐུན། བརྟན་ལྷིང་བཅས་ལ་སྐུལ་འདེད་གཏོང་ཐུབ་ཅེས་གསུངས་པ་རེད།
    ལི་ཀྲན་ཧྲུའུ་ཡིས། ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་བྱས་ཡོད། འདི་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། དེ་རྩ་ཁྲིམས་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་མཐུན་ཡོད་ལ། སྤུན་ཟླ་ཤང་ཀང་བ་ཚུད་པའི་ཀྲུང་གོ་མི་དམངས་ཡོངས་ཀྱི་རྩ་བའི་ཁེ་ཕན་དང་ཡང་མཐུན་ཡོད་ཅེས་མཛུབ་སྟོན་གནང་ཡོད།
    མཇུག་ཏུ་ལི་ཀྲན་ཧྲུའུ་ཡིས། ཀྲུང་གོ་མི་དམངས་ལ་རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་དང་། རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་བཅས་ལྡན་ཡོད་པས། དེ་ནི་ང་ཚོས་དཀའ་ངལ་སྣ་ཚོགས་ཁྲོད་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་རྩ་བའི་སྟོབས་ཤུགས་ཤིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། མི་དམངས་ལ་དམ་པོར་རྟེན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ། མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་ཚུགས་པ། ཕྱར་བ་གྲུ་འདེགས་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས་པ་རེད།
   ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་35ལ་ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་གྲོལ་བའི་ཁྱབ་བསྒྲགས་གནང་ཞིང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་ཚོགས་ཆེན་གྲོལ་བ་རེད།
   ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ཚན་པ། མི་དམངས་ཚོགས་པ་ཁག་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་ཆེན་ལ་ཟུར་ཞུགས་གནང་བའམ་ཡང་ན་ཟུར་ཉན་གནང་བ་རེད།
   ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས་པ་རེད། 

ཟླ་5ཚེས་28ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་མཇུག་འགྲིལ་ཚོགས་འདུ་འཚོགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
ཟླ་5ཚེས་28ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་མཇུག་འགྲིལ་ཚོགས་འདུ་འཚོགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ། 

  
style="display:none;"