མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུཌ་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་03ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ཧའེ་ནན་དུ་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་ཇུས་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ནང་གི་དོན་ཆེན་ཞིག་ཀྱང་ཡིན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་ཆུ་ཚད་མཐོ་བའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་སྦྲེལ་མཐུད་བྱེད་པ། ཐོན་སྐྱེད་ཀྱི་གཞི་རྒྱུ་རང་མོས་དང་སྟབས་བདེའི་ངང་འཁོར་རྒྱུག་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་པོ་དང་ཚད་གཞི་མཐོ་པོའི་སྒོ་ནས་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱེད་དགོས། ལམ་ལུགས་གཅིག་སྡུད་གསར་གཏོད་དེ་གནས་བབ་གལ་ཆེ་སར་བཞག་ནས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ་རྣམ་གྲངས་འཚར་ལོངས་བྱུང་རིམ་བཞིན་ཁྲོམ་རར་འདོན་པ་དང་། ཡུན་གནས་བརྟན་འཁྱོངས་ཐུབ་པ། སྙིང་རུས་གཏན་འཁྱོངས་བཅས་བྱེད་དགོས་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། ཧའེ་ནན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་ཁ་ཕྱོགས་སྟངས་འཛིན་དང་། འགན་འཁུར་ཕོད་པ། རང་འགུལ་ངང་བྱས་རྗེས་འཇོག་པ། སྲིད་ཇུས་དོན་འཁྱོལ་གྱི་དུས་འགོའི་བཀོད་སྒྲིག་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ་གཟེར་འདེབས་པའི་སྙིང་སྟོབས་ཐོག་ནས་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ཡོངས་ནས་འགོ་བཙུགས་ཏེ་ཧའེ་ནན་གྱི་བློ་ཁོག་ཆེན་པོའི་སྒྱུར་བཅོས་གསར་གཏོད་ལ་རྒྱབ་སྐྱོར་བྱས་ནས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་ཐད་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ལག་བསྟར་བྱེད་ཁོངས་ཧའེ་ནན་གླིང་ཕྲན་ཡོངས་ལ་ཡིན་པ་དང་2025ལོར་སླེབས་སྐབས་ཚོང་དོན་རང་མོས་སྟབས་བདེ་དང་མ་འཇོག་རང་མོས་སྟབས་བདེ་གཙོ་བོར་འཛིན་པའི་རང་མོས་ཚོང་དོན་གྲུ་ཁའི་སྲིད་ཇུས་ལམ་ལུགས་ཀྱི་མ་ལག་ཅིག་རགས་ཙམ་སྐྲུན་པ་དང་། 2035ལོར་སླེབས་སྐབས་རང་རྒྱལ་གྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་མཐོ་ས་གསར་པར་འགྱུར་བ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ནུས་པ་ཆེ་ཙམ་ལྡན་པའི་ཆུ་ཚད་མཐོ་བའི་རང་མོས་ཚོང་དོན་གྲུ་ཁ་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བཅས་བྱ་རྒྱུ་རེད། 

  
style="display:none;"